ད་རིས་ཀྱི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ ཚོགས་རྒྱན་སྐྱུར་མི་མངམ་ཐོན་ཡོདཔ།

ཁ་ཙ་ རྒྱལ་ཁབ་ནང་འཁོད་ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཐེངས་༣ པ་ འགོ་འདྲེན་འཐབ་ད་ འབྲུག་མི་བརྒྱ་ཆ་༥༤.༣ གྱིས་ རྫོང་ཁག་༢༠ འི་འཐུས་མི་༢༠ བཙག་འཐུ་འབད་ནིའི་དོན་ལུ་ ཚོགས་རྒྱན་བཙུགས་པར་ འོང་མི་དེ་ སྔོན་ཆད་བྱུང་མ་མྱོང་བའི་ གྱངས་ཁ་མཐོ་ཤོས་ཅིག་ཨིན་པས།

དེ་ཡང་ ཚོགས་རྒྱན་བསྐྱུར་ནིའི་དོན་ལུ་ ཐོ་བཀོད་འབད་མི་༤༣༢,༠༣༠ ལས་༡༦༩,༦༢༣ གྱིས་ རྒྱལ་ཁབ་ནང་འཁོད་ལུ་ གཞི་བཙུགས་འབད་ཡོད་མི་ ཚོགས་རྒྱན་ས་ཁོངས་༨༦༦ ནང་ གསང་བའི་ཚོགས་རྒྱན་བཙུགས་པར་འོང་ནུག།

ད་རུང་ གནས་ཐོ་ནང་ཚུད་པའི་ གནད་དོན་གཞན་དེ་ མི་གྲངས་༤༢,༤༤༡ གིས་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་༦༩ དང་ འགྲུལ་སྐྱོད་ལྷན་ཐབས་ས་ཁོངས་༩ ནང་ སྤྱི་ཟླ་༤ པའི་ཚེས་༡༢ ལས་༡༤ ཚུན་ བཙུགས་མི་ལུ་བརྟེན་ཨིནམ་ད་ མི་གྲངས་༢༢,༤༧༡ གིས་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༣ ལུ་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་སྐྱུར་མི་༣༧༩,༨༡༩ ཡོད་མི་ལས་༡༧༡,༥༦༤ གིས་ ཚོགས་རྒྱན་བཙུགས་མི་དང་ཕྱདཔ་ད་ ད་རིས་ཀྱི་ བཙག་འཐུ་ནང་ ཚོགས་རྒྱན་སྐྱུར་མིའི་གྱངས་ཁ་ བརྒྱ་ཆ་༩ ཡར་འཕར་སོང་ནུག།

ཚོགས་རྒྱན་སྐྱུར་མིའི་ གྱངས་ཁ་ཡར་སེང་སོང་མི་དེ་ཡང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་དང་ འགྲུལ་སྐྱོད་རྒྱན་ཤོག་ལྷན་ཐབས་མཐུན་རྐྱེན་ འགོ་བཙུགས་མི་ལུ་བརྟེན་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་༦༥ ཡར་འཕར་སོང་ཡོདཔ་ད་ སྤྱི་ལོ་༢༠༡༣ ལུ་ མི་གྲངས་༢༣,༩༦༧ རྐྱངམ་གཅིག་གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།

བཙག་འཐུ་ལྷན་ཚོགས་ཀྱི་ བཙག་འཐུ་ལས་ཁུངས་ཀྱི་འགོ་འཛིན་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ མ་གཞི་ ཚོགས་རྒྱན་སྐྱུར་མི་ ཡར་འཕར་སོང་ཡོད་རུང་ ལྷན་ཚོགས་ཀྱི་ གཙོ་རིམ་ཆེ་ཤོས་ར་ བཙག་འཐུ་བྱ་རིམ་དེ་ རང་མོས་དང་ རྣམ་དག་ཐོག་ འགོ་འདྲེན་འཐབ་ཚུགསཔ་ བཟོ་ནི་དེ་ཨིན་ཟེར་ཨིན་པས།

བཙག་འཐུ་བྱ་རིམ་དེ་ མཐར་འཁྱོར་བྱུང་ཡོདཔ་མ་ཚད་ གནད་དོན་སྦོམ་ ག་ནི་ཡང་ མ་ཐོན་པའི་ཁར་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ཡང་ ཁོང་རའི་ ཚོགས་རྒྱན་གྱི་ ཐོབ་དབང་ཚུ་ སྤྱོད་ཚུགས་ཅི་ཟེར་ བསོད་ནམས་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།

རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ འདེམས་ངོ་༡༢༧ ལས་༢༠ འཐུས་མི་སྦེ་ བཙག་འཐུ་གྲུབ་མི་ཚུ་ སྐྱེས་ལོ་༣༡ ལས་༥༤ གི་བར་ན་ འབད་མི་ཚུ་ཨིན་པའི་ཁར་ ཁོང་གི་རྒྱབ་ཁུངས་ཡང་ སློབ་སྟོན་དང་ ཚོང་འབྲེལ་ གྲོས་སྟོན་ ཁྲིམས་དོན་གྱི་ ཁྱད་གཡོག་འབད་མི་ཚུ་ཨིནམ་ད་ འཐུམ་མི་ཚུ་གི་གྲངས་སུ་ གློག་བརྙན་འཁྲབ་རྩེདམོ་དང་ བརྡ་བརྒྱུདཔ་ཅིག་ཡང་ བཙག་འཐུ་གྲུབ་ཅི།

ད་ལྟོ་གོ་གནས་ཐོག་ཡོད་མི་ འཐུས་མི་༡༢ ལས་༥ རྐྱངམ་གཅིག་ ལོག་བཙག་འཐུ་གྲུབ་ཅི།

ཐིམ་ཕུག་གི་འཐུས་མི་ ཉི་མ་རྒྱལ་མཚན་དང་ ཧཱ་གི་འཐུས་མི་ ཚེ་རིང་རྡོ་རྗེ་ ཆུ་ཁའི་འཐུས་མི་ པདྨ་བསྟན་འཛིན་ མོང་སྒར་གྱི་ བསོད་ནམས་དབང་ཕྱུག་ བཀྲ་ཤིས་གཡང་རྩེའི་ བཀྲིས་ཕུན་ཚོགས་ ཀྲོང་གསར་གྱི་མཐར་ཕྱིན་ གསར་སྤང་གི་ དཱན་བྷ་དུར་མོང་གར་ཚུ་ བཙག་འཐུ་ནང་ ཕམ་སོ་ཡི།

ཨིན་རུང་ བུམ་ཐང་གི་འཐུས་མི་ ཉི་མ་དང་ ལྷུན་རྩེའི་བསྟན་པ་རྡོ་རྗེ་ དབང་འདུས་ཕོ་བྲང་གི་ བཀྲིས་རྡོ་རྗེ་ བསམ་གྲུབ་ལྗོངས་མཁར་གྱི་ འཇིགས་མེད་དབང་ཕྱུག་ གཞལམ་སྒང་གི་ པདྨ་གྲགས་པ་ཚུ་ བསྐྱར་ཞིབ་ཚོགས་ཁང་ནང་ ལོག་སྟེ་ར་ ཕྱག་ཞུ་ནི་གི་ གོ་སྐབས་ཐོབ་ཡོདཔ་ད་ འཇིགས་མེད་དབང་ཕྱུག་གིས་ བཙག་འཐུ་ལན་ཐེངས་༣ ཆ་རའི་ནང་ རྒྱལ་ཁ་ཐོབ་ལས་ རྒྱལ་ཡོངས་ཚོགས་སྡེའི་ནང་ གནས་ཡུན་རིངམོ་སྦེ་ ཕྱག་ཞུ་མི་ འཐུས་མི་ཅིག་ འོང་ནི་ཨིན་མས།

དུས་ཅི་ འདེམས་ངོ་ཨམ་སྲུ་༦ གིས་ དོ་འགྲན་འབད་མི་ལས་༢ བཙག་འཐུ་གྲུབ་ཡོདཔ་ད་ སྤྱི་ལོ་༢༠༡༣ ལུ་ ཚོགས་སྡེའི་བཙག་འཐུ་སྐབས་ འདེམས་ངོ་ཨམ་སྲུ་༥ ཆ་ར་ བཙག་འཐུ་མ་གྲུབ་པས།

བཙག་འཐུ་གྲུབ་མི་ སྤུ་ན་ཁ་ལས་ ལྷ་སྐྱིད་སྒྲོལ་མ་དང་ མོང་སྒར་ལས་ བསོད་ནམས་དཔལ་འཛོམས་༢ ཆ་ར་གིས་ ཚོགས་རྒྱན་མངམ་ཐོབ་ཡོདཔ་ད་ ལྷ་སྐྱིད་སྒྲོལ་མ་གིས་ འདེམས་ངོ་གཞན་ཚུ་ལས་ ཚོགས་རྒྱན་༨༢༢ ཐེབས་ཐོབ་ཡོདཔ་མ་ཚད་ བསོད་ནམས་དཔས་འཛོམས་ཀྱིས་ ཚོགས་རྒྱན་༢༧༢ མངམ་ཐོབ་ནུག།

ཨིན་རུང་ ས་ཁོངས་ལ་ལོ་ཅིག་ནང་ ཚོགས་རྒྱན་འཕྲུལ་ཆས་ཀྱི་ དཀའ་ངལ་དུམ་གྲ་རེ་ བྱུང་ཡོདཔ་ལས་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ འཕྲུལ་ཆས་སོར་དགོཔ་ ཐོན་པའི་ཁར་ གནད་དོན་ལེ་ཤ་ཅིག་ནང་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་འབད་མི་ཚུ་ ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ཨིན་པས།

དེ་ལས་ ས་གནས་ལ་ལོ་ཅིག་ནང་ སྐྱེས་ལོ་༡༨ མ་ལང་རུང་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ ཚོགས་རྒྱན་ངོས་འཛིན་འདྲ་པར་སྤྲོད་མི་ཚུ་ཡང་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ལས་ འདེམས་ཁྲི་འགོ་དཔོན་ཚུ་གིས་ ལོག་བཏང་ཡོདཔ་ཨིན་པས།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུའི་མཐའ་བཅད་གྲུབ་འབྲས་ཚུ་ ད་རིས་ གཞུང་འབྲེལ་ཐོག་ལས་ གསལ་བསྒྲགས་འབད་ནི་ཨིན་པའི་གནས་ཚུལ།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *