༉ སྤྱི་ཟླ་༩ པའི་ཚེས་༡༤ གི་ ཕྱི་རུའི་ཆུ་ཚོད་ ཕྱེད་དང་༦ དེ་ཅིག་ཁར་ དབང་འདུས་ཕོ་བྲང་ རིན་ཆེན་སྒང་གི་ ཉེ་འདབས་ལུ་ ཐོག་ཚད་༢ འབད་མི་ རང་ལུགས་ཀྱི་ཁྱིམ་ཅིག་ མེ་རྐྱེན་གྱིས་ རྩ་བ་ལས་ར་ འཚིགས་བཏང་ཡོདཔ་ཨིན་པས།
དབང་འདུས་ཀྱི་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ སྙན་ཞུ་ག་ལས་ཡང་ མ་ལྷོད་ཟེར་ཨིནམ་ད་ ཕྱི་རུའི་ཆུ་ཚོད་ ཕྱེད་དང་༦ དེ་ཅིག་ལུ་ ཁྱིམ་ཅིག་ མེ་གིས་འཚིགས་སར་ མཐོང་བའི་ཤུལ་ལུ་ དེ་འཕྲོ་ལས་ ས་ཁོངས་ནང་ སོང་ཡི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མེ་རྐྱེན་དེ་ ནུབ་མོའི་ཆུ་ཚོད་ཕྱེད་དང་༡༢ དེ་ཅིག་ཁར་ བསད་ཚུགས་ཡོད་རུང་ ཁྱིམ་དེ་ ཉེན་སྐྱོབ་འབད་མ་ཚུགས་ཟེར་ཨིནམ་ད་ མེ་རྐྱེན་བྱུང་མི་ཁྱིམ་དེ་ གསརཔ་བསྒྲུབས་འབད་ཚརཝ་ཅིག་ཨིནམ་ལས་ ཁ་ཙ་དང་ ད་རིས་ཀྱི་བར་ན་ ཁྱིམ་དེ་ གླ་ཁར་བྱིན་ནི་སྦེ་ སྡོད་ནུག་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ མེ་རྐྱེན་བྱུང་བའི་སྐབས་ ལཱ་འབད་མི་ཚུ་ ད་རུང་ དེའི་ཉེ་འདབས་ལུ་ ཁྱིམ་གསརཔ་ཅིག་རྐྱབ་ཡོད་རུང་ དེ་ནང་ ག་ཡང་མ་སྡོད་པས་ཟེར་ ཨིནམ་ད་ མེ་རྐྱེན་གྱིས་ འཚིགས་མི་ཁྱིམ་དེ་ ཉེན་བཅོལ་འབད་ཡོདཔ་སྦེ་ སྐྱེས་ལོ་༦༠ རེ་གྲངས་ནང་འབད་མི་ ཇོ་བདག་དེ་གིས་ སླབ་དེས་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་སྐབས་ མེ་རྐྱེན་དེ་ གློག་མེ་ལུ་བརྟེན་ བྱུང་ཡོདཔ་སྦེ་ སླབ་ཡོདཔ་ ཨིན་པའི་གནས་ཚུལ།
སྐལ་བཟང་དབང་ཕྱུག།