ཐིམ་ཕུག་ལུ་ རྒྱལ་ཡོངས་ཚོགས་སྡེའི་ སྤྱིར་སྙོམས་འཛོམས་འདུ་ འགོ་བཙུགས་ཡོདཔ།

༉ སྤྱི་ཟླ་༣ པའི་ཚེས་༢༤ ལུ་ ཐིམ་ཕུག་ལྕང་རྒེད་འོག་གི་ ཡིག་ཚང་ནང་སྦེ་ སྤྱིར་སྙོམས་འཛོམས་འདུ་འགོ་དང་པ་ འགོ་འདྲེན་འཐབ་པའི་སྐབས་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་བཙུགས་མི་༨༠༠ ཡོད་ས་ལས་ མི་༦༣ རྐྱངམ་གཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཐིམ་ཕུག་རྫོང་ཁག་གི་ སྤྱིར་སྙོམས་འཛོམས་འདུ་དེ་ ལྕང་རྒེད་འོག་ལས་ འགོ་བཙུགས་ཡོདཔ་ད་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་དོན་ལུ་ བཅའ་མར་གཏོགས་མི་ འདེམས་ངོ་༥ ཡོདཔ་ཨིན་པས།
དར་དཀར་ལ་རྒེད་འོག་ནང་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་བཙུགས་མི་བསྡོམས་༤༠༠ ཡོད་ས་ལས་ སྤྱིར་སྙོམས་འཛོམས་འདུ་ནང་ མི་༣༤ རྐྱངམ་གཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཀ་ཝང་རྒེད་འོག་ནང་ཡང་ སྤྱིར་སྙོམས་འཛོམས་འདུ་ནང་ མི་སེར་༨༠ རྐྱངམ་གཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཐིམ་ཕུག་ཁྲོམ་སྡེ་ནང་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༧,༠༠༠ ཡོད་ས་ལས་༡༤ གིས་ སྤྱིར་སྙོམས་འཛོམས་འདུ་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཐིམ་ཕུག་གི་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་༥ གིས་ སྤྱི་སྙོམས་འཛོམས་འདུ་ ཉིནམ་དང་པའི་ནང་ ཁོང་གིས་ མི་སྡེ་དང་གཅིག་ཁར་ ལགཔ་མཐུད་དེ་ ལཱ་འབད་ནི་དེ་ ག་དེམ་ཅིག་ ཁག་ཆེཝ་ཨིན་ན་གི་སྐོར་ལས་ སླབ་ཡོདཔ་ཨིན་པས།
སྨད་ཝང་རྒེད་འོག་ལས་ སྐྱེས་ལོ་༢༨ ལང་མི་ སངས་རྒྱས་ཚེ་རིང་གིས་ ག་དེམ་ཅིག་སྦེ་ ཁོ་རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ གདམ་འཐུ་འགྲུབ་པ་ཅིན་ ཁོ་གིས་ མི་སེར་ཚུ་དང་གཅིག་ཁར་སྡོད་དེ་ ཁོང་གི་གནད་དོན་ཚུ་ རྒྱལ་ཡོངས་ཚོགས་སྡེ་ནང་ གྲོས་བསྟུན་འབད་ནི་ཟེར་ སླབ་ཡོདཔ་ཨིན་པས།
ཐིམ་ཁྲོམ་ལས་ སྐྱེས་ལོ་༣༣ ལང་མི་འདེམས་ངོ་ མཚོ་སྐྱེས་རྡོ་རྗེ་གིས་ འབད་བ་ཅིན་ ཁོ་གིས་ གོ་སྐབས་ལེན་ཏེ་ ཁྲིམས་ལུགས་དང་སྲིད་བྱུས་ཚུ་བརྩམ་ནིའི་ནང་ ཁོ་རའི་ཉམས་མྱོང་ཚུ་ ལག་ལེན་འཐབ་ནིའི་ ཁས་བླངས་འབད་ཡི།
ཐིམ་ཕུག་རྫོང་བདག་བགྲེསཔ་ ཀ་ཝང་རྒེད་འོག་ལས་ སྐྱེས་ལོ་༥༤ ལང་མི་ ཚེ་དབང་རིག་འཛིན་གྱིས་ མི་སེར་ཚུ་གི་ ལྟ་བའི་མིག་ཏོ་དང་ སླབ་པའི་ཁ་སྦེ་ ལག་ལེན་འཐབ་སྟེ་ ཁོ་གིས་ སྲིད་བྱུས་བརྩམ་ནི་དང་ ཁྲིམས་ལུགས་ཚུ་ བསྐྱར་ཞིབ་འབད་ནི་གི་ ཁས་བླངས་འབད་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེ་ནང་ཕྱག་ཞུ་མི་ ལྕང་རྒེད་འོག་ལས་ སྐྱེས་ལོ་༣༤ ལང་མི་ ཉི་མ་རྒྱལ་མཚན་གྱིས་ འདས་པའི་ལོ་༥ འི་རིང་ ཁོ་གིས་ ག་ཅི་ར་ འབད་ཡོདཔ་ཨིན་ན་ཚུ་ མི་སེར་ལུ་ བཤད་ཡོདཔ་མ་ཚད་ ཁོ་ལུ་ ད་རུང་འཐུས་མི་སྦེ་ ཕྱག་ཞུ་ནི་གི་ གོ་སྐབས་གནང་པ་ཅིན་ ཁོ་གིས་ ཧེ་མ་འབད་འཕྲོ་སྦེ་ཡོད་མི་ ལཱ་ཚུ་ འཕྲོ་མཐུད་དེ་འབད་ནི་ཟེར་ཨིན་པས།
དགེ་བསྙེན་རྒེད་འོག་ལས་ སྐྱེས་ལོ་༤༠ ལང་མི་ ལེགས་སྐྱིད་ཚེ་རིང་གིས་ འདས་པའི་ལོ་༡༢ ཀྱི་རིང་ སློབ་དཔོན་སྦེ་ ཕྱག་ཞུ་བའི་སྐབས་ ཁྲིམས་ལུགས་མ་འདྲཝ་ཚུ་ལུ་བརྟེན་ ཁོ་གིས་ སློབ་ཕྲུག་དང་སློབ་དཔོན་ཚུ་གིས་དཀའ་ངལ་ཚུ་ ལེགས་ཤོམ་སྦེ་ར་ཧ་གོ་ཡི་ཟེར་ཨིན་པས།
ད་ལྟོ་ འདེམས་ངོ་ཚུ་གིས་ སྒོ་བཤལ་སྐུལ་བསྒྲགས་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྐུལ་བསྒྲགས་མཇུག་དེ་ར་ སྤྱི་ཟླ་༤ པའི་ཚེས་༡༨ ལུ་ཨིན་པས།
སྤྱིར་སྙོམས་འཛོམས་འདུ་ མཇུག་དེ་ར་ སྤྱི་ཟླ་༤ པའི་ཚེས་༥ ལུ་ གླིང་བཞི་རྒེད་འོག་ནང་ འབད་ནི་ཨིན་པས།
ཐིམ་ཕུག་རྫོང་ཁག་ནང་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་བཙུགས་མི་བསྡོམས་༡༤,༢༧༢ ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *