ཐིམ་ཕུག་ལུ་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༡ པ་ བརྩི་སྲུང་ཞུ་ཡོདཔ།

༉ དུས་ཅི་གི་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༡ པ་དེ་ བསམ་རྩེ་རྫོང་ཁག་ནང་ བརྩི་སྲུང་ཞུཝ་ཨིན་རུང་ རྫོང་ཁག་༢༠ ག་རའི་ནང་ སྲོལ་ཁྱུན་མི་ཉམས་གོང་འཕེལ་བཏང་ཐབས་ལུ་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ཞུ་མིའི་གྲས་ལས་ རྒྱལ་ས་ལྟེ་བ་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་ཡང་ དུས་སྟོན་བརྩི་སྲུང་ཞུ་བའི་སྐབས་ མི་སེར་བརྒྱ་ལས་བཅད་དེ་ འཛོམས་ཡོདཔ་ཨིན།
དུས་སྟོན་བརྩི་སྲུང་ནང་ སྐུ་མགྲོན་གཙོ་བོར་ གཞུང་དགེ་འདུན་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ དབུ་བཞུགས་མཛད་ཡོདཔ་ད་ དེ་ཁར་ འབྲུག་གི་མི་རྗེ་ཚོགས་དཔོན་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ དེ་ལས་ ལྷན་ཁག་དང་ལས་ཁུངས་ཁག་གི་ འགོ་དཔོན་ སློབ་གྲྭ་ཁག་གི་ སློབ་ཕྲུག་ཚུ་དང་ དྲག་ཁག་༣ གི་དམག་སྡེ་ཚུ་གིས་ དུས་སྟོན་བརྩི་སྲུང་ནང་ བཅའ་མར་གཏོགས་ཡོདཔ་ཨིན།
དུས་སྟོན་ནང་ སློབ་གྲྭ་ཁག་དང་ རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་ལྟེ་བ་ དེ་ལས་ ཐིམ་ཕུག་རྫོང་ཁག་གི་ ཁ་ཐུག་ལས་ རང་ལུགས་ཀྱི་ ཐུགས་སྤྲོའི་ལས་རིམ་ཚུ་ མི་མང་ལུ་ སྤྱན་འབུལ་ཞུ་ཡོདཔ་ད་ ལས་རིམ་གྱི་གྲས་ལས་ སྤྲོ་བ་ཅན་ཅིག་ རང་སོའི་ཁ་རྗེ་གདམ་འཐུ་ཐོག་ལས་ རྒྱན་ཤོག་གི་ གསོལ་རས་དེ་ཨིན་པས།
དེ་ཡང་ དྲོ་པ་ རྩེད་ཐང་གི་ འཛུལ་སྒོའི་ནང་ལས་ ལྟདམོ་ལྟ་བར་འོང་མི་ཚུ་ལུ་ རྒྱན་ཤོག་རེ་བྱིན་ཐོག་ ལས་རིམ་གྱི་ བར་མཚམས་སྐབས་ལུ་ རྒྱན་ཤོག་ཚུ་འཐུ་ཐོག་ལས་ རང་སོའི་ཁ་རྗེ་དང་འཁྲིལ་ གསོལ་རས་བྱིན་ཡི།
ཁ་རྗེ་གདམ་འཐུའི་སྐབས་ གསོལ་རས་འཐོབ་མི་གཅིག་ ཁྱིམ་ཚང་རྒྱ་གར་གྱི་ ལྟ་བཤལཔ་ཅིག་ཨིནམ་ད་ ཁོ་འབྲུག་ལུ་ ལྟ་སྐོར་དང་ ལམ་འགྲུལ་དོན་ལུ་ འོང་ཡོདཔ་ལས་ ཐིམ་ཕུག་ལུ་ལྷོད་པའི་སྐབས་ རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་བརྩི་སྲུང་དང་ ཁ་ཐུག་རྐྱབ་ཡོདཔ་ལས་ ལྟདམོ་ལྟ་བར་འོང་སྟེ་ རྒྱན་ཤོག་གསོལ་རས་རྐང་འཁོར་ཅིག་ཐོབ་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིནམ་ད་རྐང་འཁོར་དེ་ ཁོ་ར་དང་གཅིག་ཁར་ ལོག་རྒྱལ་ཁབ་ནང་ འབག་འགྱོ་ནི་ཟེར་ཨིན་པས།
ལྕང་ཇི་ཇི་ལུ་སྡོད་མི་ འོད་ཟེར་འཚོ་མོ་གིས་ ཁ་རྗེ་གདམ་འཐུ་ཐོག་ལས་ འཁྱེག་སྒྲོམ་ཅིག་ཐོབ་ཡོདཔ་ལས་ མོ་ར་ སེམས་དགའ་ཡི་ཟེར་ཨིནམ་ད་ ད་ལས་ཕར་འབད་རུང་ དུས་ཆེན་འདི་ལུ་བརྩི་བཀུར་ ཞུ་དགོ་ཟེརཨིན་པས།
ཐིམ་ཕུག་གི་ དུས་སྟོན་བརྩི་སྲུང་ལས་རིམ་ནང་ གསོལ་རས་ཚུ་ ལས་སྡེ་དང་ སྒེར་སྡེ་ཚུ་གིས་ རྒྱབ་སྐྱོར་འབད་ཡོདཔ་ད་ མི་སེར་ག་ར་ སེམས་ཁ་སྤྲོ་སྣང་དང་བཅས་པའི་སྒོ་ལས་ བཅའ་མར་གཏོགས་སར་ མཐོང་ཚུགས་པས།
ཐིམ་ཕུག་ལས་ སྐྱེས་ལོ་༥༦ ལང་མི་ རྒྱལ་མཚན་གྱིས་ བཤད་མིའི་ནང་ ཁོ་ར་ ལྕང་གླིང་མི་ཐང་ནང་ རྒྱལ་ཡོངས་ཀྱི་ལས་རིམ་ག་ཅི་འགོ་འདྲེན་འཐབ་རུང་ བཅའ་མར་གཏོགས་དོ་ཟེར་ཨིནམ་ད་ དུས་ཅི་ཡང་ རྒྱལ་ཡོངས་དུས་ཆེན་གྱི་ ལས་རིམ་ནང་ བཅའ་མར་གཏོགས་ཚུགས་མི་ལུ་ སེམས་དགའ་ཡི་ཟེར་ཨིནམ་ད་ ལོ་ཤུལ་མམ་ལུ་ཡང་ བཅའ་མར་གཏོགས་ཚུགས་པའི་ སྨོན་ལམ་བཏབ་དོ་ཟེར་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *