༉ ཐིམ་ཕུག་ཁྲོམ་སྡེ་གིས་ ལྷོ་ཐིམ་ཕུག་གི་ས་ཁོངས་ཚུ་ནང་ ཆུའི་མི་ཊར་ གཞི་བཙུགས་འབད་ནིའི་འཆར་གཞི་ལཱ་དེ་ སྤྱི་ཟླ་༣ པའི་ནང་ མཇུག་བསྡུ་ནིའི་ དམིགས་གཏད་ཡོདཔ་ཨིན་པས།
ཁྲོམ་སྡེ་ནང་སྡོད་མི་ ཁྱིམ་གུང་ལེ་ཤ་ཅིག་གིས་ རོང་ཆུ་ནང་ལས་ ཆུ་ལག་ལེན་འཐབ་སྟེ་འདུག་ཟེར་ཨིནམ་ད་ ནུབ་ཐིམ་ཕུག་གི་ས་ཁོངས་ནང་ ཆུའི་མི་ཊར་ གཞི་བཙུགས་འབད་ནི་དེ་ སྤྱི་ཟླ་༢ པའི་ནང་ མཇུག་བསྡུ་ནི་དང་ པཱམ་མཚོ་གི་ ཁྱིམ་གུང་པ་༢༠༠ དང་ རྟ་བབ་སྟོད་ལུ་ ཁྱིམ་གུང་༡༦༠ དེ་ཅིག་ནང་ ཆུ་སྤྱོད་ཚད་གཞི་བཙུགས་ཀྱི་ལཱ་ མཇུག་བསྡུ་ཡོདཔ་ཨིན་པས།
ཨིན་རུང་ ལྷོ་ཐིམ་ཕུག་གི་ ས་གོ་ཚུ་ནང་ ད་ལྟོ་ ཆུའི་མི་ཊར་ གཞི་བཙུགས་འབད་མ་ཚར་མི་དེ་ གནད་དོན་གཙོ་བོ་ར་ ལྕམ་སྒང་ས་ཁོངས་ནང་ལས་ ཆུ་རྐ་གསརཔ་གཏོན་ནིའི་ལཱ་ཚུ་ མཇུག་བསྡུ་མ་ཚུགས་མི་ལུ་བརྟེན་ ལུས་ཡོདཔ་སྦེ་ཨིན་པས།
ཁྲོམ་སྡེའི་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ མི་མང་ལུ་ ཁྱབ་བསྒྲགས་འབད་ཡོདཔ་ལས་ ཧ་གོ་དོ་འོང་ཟེར་ཨིན་པས།
ཆུ་སྤྱོད་ཚད་ཀྱི་འཐུས་དེ་ རང་གི་དོན་ལུ་ ལག་ལེན་འཐབ་ནི་དང་ ཚོང་འབྲེལ་གྱི་དོན་ལུ་ སྤྱོད་མི་དང་འཁྲིལ་འོང་ཟེར་ཨིནམ་ད་ ནང་འཁོད་ས་ཁོངས་ནང་ ཆུ་ལི་ཊར་༡༠༠༠ ལུ་ དངུལ་ཀྲམ་༤.༣༥ རེ་ ཁྲལ་བཀལ་ནི་དང་ ཚོང་འབྲེལ་ས་ཁོངས་ནང་འབད་བ་ཅིན་ ཆུ་མི་ཊར་༡༠༠༠ ལུ་ དངུལ་ཀྲམ་༡༡.༦ རེ་ བཀལ་ནི་ཨིན་ཟེར་ཨིན་པས།
སྤྱོད་འཐུས་དེ་ རང་གིས་ ག་དེམ་ཅིག་ལག་ལེན་འཐབ་མི་ལུ་ རག་ལས་ནི་དང་ འཛམ་གླིང་དངུལ་ཁང་དང་ འཛམ་གླིང་འཕྲོད་བསྟེན་ལས་སྡེ་གི་ གནས་ཚད་དང་འཁྲིལ་བ་ཅིན་ ཁང་ཚན་ཅིག་གིས་ ཆུ་ལི་ཊར་༢༠,༠༠༠ དེ་རེ་སྤྱོད་འོང་ཟེར་ཨིན་པས།
ཁྲོམ་སྡེའི་འགོ་དཔོན་གྱིས་ སླབ་མིའི་ནང་ ཚོང་འབྲེལ་དང་ ཚོང་འབྲེལ་མེན་པའི་ས་ཁོངས་ཚུ་ནང་ ཆུ་ག་དེམ་ཅིག་སྤྱོད་ནི་ཨིན་ན་ ཡོངས་བསྡོམས་བཏོན་ཞིནམ་ལས་ བགོ་བཤའ་རྐྱབ་སྟེ་ ཁྲལ་བཀལ་དོ་ཟེར་ཨིན་པས།
ཚོང་འབྲེལ་དབྱེ་ཁག་ནང་འབད་བ་ཅིན་ སྒྲིང་ཁྱིམ་དང་ ཚོང་ཁང་ ཟ་ཁང་དང་ ཉལ་ཁང་ དེ་ལས་ འོང་འབབ་ལས་སྣ་གཞན་དང་ ནང་འཁོད་ས་ཁོངས་ནང་འབད་བ་ཅིན་ ཁང་ཚན་ཅིག་ལུ་ གོ་ནི་ཨིན་པས།
ཁྲོམ་སྡེ་ལྟེ་བ་ ཐིམ་ཕུག་ཁྲོམ་ནང་འབད་བ་ཅིན་ ཆུའི་མི་ཊར་ གཞི་བཙུགས་འབད་ནིའི་ལཱ་ཚུ་ མཇུག་བསྡུ་ཡོད་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།