༉ ཐིམ་ཕུག་གི་ ཁྲོམ་ཚོགས་ནང་ སྒྲིང་ཁྱིམ་ཚུ་ མང་སུ་མང་སུ་སྦེ་ བཟོ་སྐྲུན་འབད་བའི་བསྒང་ལས་ མི་ཁུངས་དང་ སྣུམ་འཁོར་ལག་ལེན་འཐབ་མི་ཚུ་ལུ་ བརྡ་སྟོན་གྱི་ ལམ་ལུགས་ལེགས་ཤོམ་མེད་མི་ལུ་བརྟེན་ དཀའ་ངལ་ཚུ་ བྱུང་དོ་ཡོདཔ་ཨིན་པས།
ཅ་ཆས་སྐྱེལ་སྤྲོད་འབད་ནི་དང་ ཟ་ཁང་ཚུ་ནང་ལས་ ཟ་འཐུང་གི་རིགས་ མཁོ་མངགས་འབད་མི་ དེ་ལས་ ཚོང་ཁང་ནང་ ཚོང་ཆས་མཁོ་མངགས་ཚུ་ སྐྱེལ་བར་འགྱོཝ་ད་ བརྡ་སྟོན་ཁ་གསལ་གྱི་ རིམ་ལུགས་མེད་མི་གིས་ དཀའ་ངལ་སྦོམ་ར་བྱུངམ་ཨིན་མས།
ཐིམ་ཕུག་ཁྲོམ་སྡེ་གིས་ ཁྲོམ་སྡེ་བརྡ་དོན་རིམ་ལུགས་ཟེར་བའི་ ཁ་བྱང་ལམ་ལུགས་བཟོ་མི་གིས་ དཀའ་ངལ་དེ་ མར་ཕབ་འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
ལམ་ལུགས་དེ་གིས་ ཁྲོམ་སྡེའི་ནང་ཡོད་པའི་ སྒྲིང་ཁྱིམ་དང་ ཁང་ཚན་ཚུ་ ཁ་གསལ་སྦེ་ བརྡ་སྟོན་འབད་ཚུགས་ནི་ཨིན་པས།
ཁྲོམ་སྡེ་བརྡ་དོན་ལམ་ལུགས་ཀྱི་ ལམ་སྟོན་དེ་གིས་ ཁྲོམ་སྡེའི་ནང་ ཕན་ནུས་ཅན་དང་ འཇོན་ཐངས་ཅན་གྱི་ ཞབས་ཏོག་ཚུ་བྱིན་ཚུགས་ནི་ཨིནམ་ད་ དམིགས་བསལ་གྱི་ ད་རེས་ནངས་པའི་ ཌི་ཇི་ཊལ་གྱི་ གནས་སྟངས་ནང་ འཛུལ་བའི་ནམ་དུས་ལུ་ ས་གནས་ཚུ་ ག་ཏེ་ལུ་ཡོདཔ་ཨིན་ན་ ཤེས་ཚུགས་པའི་ཁར་ གློ་བུར་ཉེན་འཚུབ་ཞབས་ཏོག་སྤྲོད་ནི་ལུ་ཡང་ ཁེ་ཕན་འབྱུང་ཚུགས་ནི་ཨིན་པས།
ལམ་ལུགས་དེ་ ད་ལྟོ་ ལཱ་ཚུ་འབད་བའི་བསྒང་ར་ཡོདཔ་ད་ གོ་རིམ་གཉིས་པའི་སྐབས་ལུ་ ཁྲོམ་སྡེའི་སྒྲིང་ཁྱིམ་ཚུ་གུ་ ཨང་གྲངས་བྲིས་ནིའི་ ལཱ་འགོ་བཙུགས་ནི་ཟེར་ཨིན་པས།
སྒྲིང་ཁྱིམ་ ཨང་གྲངས་ཀྱི་ ལཱ་མཇུག་བསྡུ་ཞིནམ་ལས་ ཁྲོམ་སྡེ་གིས་ ཁང་ཚན་དང་ ས་གནས་ ཁྲོམ་ཚོགས་ཀྱི་ ཁ་བྱང་ཚུ་ ལེན་ནི་འགོ་བཙུགས་ནི་ཨིན་ཟེར་ཨིན་པས།
ལཱ་འདི་ཚུ་ ག་ར་འབད་ཚར་བའི་བསྒང་ལས་ བརྡ་བྱང་གི་ལཱ་ཚུ་ མཇུག་བསྡུཝ་ཨིན་ཟེར་ ཁྲོམ་སྡེའི་འགོ་དཔོན་གྱིས་ བཤདཔ་ཨིན་པས།
བརྡ་དོན་ཁ་གསལ་ཚུ་ལུ་བརྟེན་ ཁྲོམ་སྡེའི་ནང་ ཚོང་འབྲེལ་དང་འབྲེལ་བའི་ལཱ་དང་ ཡང་ན་ ནང་འཁོད་ཀྱི་ལཱ་མ་འདྲཝ་འབད་དགོཔ་ཡོད་མི་ཚུ་ལུ་ ཕན་ཐོགས་འབྱུང་ཚུགས་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
ད་ལྟོའི་གནས་སྟངས་ནང་ བཟུམ་ཅིག་འབད་བ་ཅིན་ མི་སེར་ཚུ་ ས་ཁོངས་ངོས་འཛིན་འབད་ཚུགས་ནི་ལུ་ ལཱ་ཁག་བཏང་དོ་ཡོད་པའི་ཁར་ ལྷག་པར་དུ་ཡང་ ས་ཆ་མང་ཤོས་ཅིག་ སྒྲིང་ཁྱིམ་གྱིས་ གང་སྟེ་ཡོདཔ་ལས་ དེ་ཚུ་ནང་ ཞབས་ཏོག་སྤྲོད་ནི་ལུ་ ལཱ་ཁག་བཏངམ་མས་ཟེར་ཨིནམ་ལས་ ཁྲོམ་སྡེ་བརྡ་དོན་རིམ་ལུགས་དེ་གིས་ དཀའ་ངལ་ཚུ་ བསལ་ཚུགས་ཟེར་ཨིན་པས།
འགོ་དཔོན་གྱིས་ འབད་བ་ཅིན་ ལམ་ལུགས་དེ་གིས་ མི་སྡེའི་དཀའ་ངལ་ བསལ་ཚུགས་ནི་ཨིན་མི་དེ་ཡང་ འདས་པའི་རིང་ལུ་ སྒྲིང་ཁྱིམ་གྱི་ ཆུ་དུང་ཅིག་མེདཔ་ཐལ་ཏེ་ ཆུ་དུང་བཅོ་མི་ཚུ་ འབོ་པའི་སྐབས་ལུ་ སྒྲིང་ཁྱིམ་གྱི་ ས་ཁོངས་ཚུ་ ལེགས་ཤོམ་སྦེ་ བརྡ་སྟོན་འབད་དེ་ སླབ་མ་ཚུགས་པར་ གདོང་ལེན་བྱུང་ཏེ་ཡོདཔ་ལས་ ད་རེས་ཀྱི་ ལམ་ལུགས་དེ་གིས་ འཇམ་ཏོང་ཏོ་སྦེ་ ཧ་གོ་ཚུགས་ཟེར་ཨིན་པས།
འགོ་དཔོན་གྱིས་ འབད་བ་ཅིན་ ཁྲོམ་སྡེའི་ཁ་ཐུག་ལས་ ས་གནས་ཀྱི་ལམ་ཕྱོགས་ངོས་འཛིན་ འབད་ཚུགས་ཐབས་ལུ་ བརྡ་བྱང་ཚུ་ཡང་ བཙུགས་སྒྲིག་འབད་ནི་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཚེ་རིང་དབང་འདུས།