༉ ནུབ་ཕྱོགས་རྫོང་ཁག་ ཐིམ་ཕུག་ལས་ ཤར་ཕྱོགས་རྫོང་ཁག་ བཀྲིས་སྒང་ཚུན་ མི་མང་སྐྱེལ་འདྲེན་བཱསི་ནང་ འགྲུལ་བསྐྱོད་འབད་ནི་དེ་ འུ་སྡུག་སི་སི་ཅིག་ཨིན་མས།
དེ་གི་ནང་དོན་ཉིད་ལས་ བཱསི་གི་སྡོད་ཁྲི་གུ་ རང་དང་མཉམ་སྡོད་མི་ འགྲུལ་པ་མཉམ་རོགས་དེ་ ཁ་ཉུང་སུ་ཅིག་ལས་བརྒལ་ སླབ་ནི་མེད་པ་ཅིན་ རང་འགྱོ་སའི་ ས་གོ་ནང་ མ་ལྷོད་ཚུན་ཚོད་ དབངཔོ་ངལཝ་ཨིན་པས།
དེ་ཡང་ བཀྲིས་སྒང་ལུང་ཕྱོགས་ཀྱི་དོན་ལུ་ ཀུན་གསལ་གྱི་ གནས་ཚུལ་བསྡུ་བཀོདཔ་ ཡོན་ཏན་ཚེ་གྲུབ་ཀྱིས་ རེས་གཟའ་ཕུར་བུ་ལུ་ དྲོ་པའི་ཆུ་ཚོད་༦.༣༥ ལུ་ འཁོར་ལོ་སྐྱེལ་འདྲེན་བཱསི་གི་ སྡོད་ཁྲི་མཇུག་གི་ ཤོག་འཛིན་འབག་སྦེ་ ཐིམ་ཕུག་ལུང་བསྟན་ཟམ་པ་ བཱསི་བཞག་སར་ སོང་པའི་ཤུལ་ལུ་ བཱསི་ནང་འཛུལ་ཏེ་ བཱསི་གི་མཇུག་གི་ གྱི་ཁུག་ནང་འབད་མི་ སྡོད་ཁྲི་ཨང་གྲངས་༡༩ པའི་གུ་ སྡོད་ཡོདཔ་བཞིན་དུ་ འགྲུལ་པ་མཉམ་རོགས་དེ་ཡང་ སྡོད་ཁྲི་གུ་སྡོདཔ་ད་ ཁོ་ལུ་ སྟབས་བདེ་ཏོག་ཏོ་ཅིག་ མ་བྱུང་པས།
དེ་ལས་ ལམ་ཐག་རིང་ ཀི་ལོ་མི་ཊར་༥༥༡ འབད་མི་ ནུབ་-ཤར་གྱི་གཞུང་ལམ་བདའ་སྟེ་ འགྲུལ་སྐྱོད་འགོ་བཙུགས་ཡོདཔ་ལས་ དབང་འདུས་ཕོ་བྲང་ཚུན་ཚོད་ བདེ་ཉམས་ཅན་ཐོག་ལུ་ འགྲུལ་སྐྱོད་འབད་ཚུགས་ཡོདཔ་ད་ དཔལ་ལེ་ལ་བརྒལ་ཏེ་ ས་ཁོངས་ཅིག་ནང་ལྷོདཔ་ད་ ཉིན་མའི་བཞེས་སྒོ་ཟ་ནིའི་དོན་ལུ་ ཟ་ཁང་ཅིག་ནང་ བཱསི་བསྒུགསཔ་ལས་ ཡོན་ཏན་གྱིས་ དྲོད་མེད་པའི་ ལྟོ་ཐ་ལི་གང་དང་ ཀ་སྐམ་གྱི་ཚོདམ་ལུ་ རིན་དངུལ་ཀྲམ་༡༨༠ སྤྲོད་དེ་ ཐབས་མེད་པར་ཟ་དགོཔ་བྱུང་ནུག།
བཞེས་སྒོ་ཟ་ཚར་བའི་ཤུལ་ལུ་ ལམ་འགྲུལ་འབད་ནི་ འགོ་བཙུགསཔ་ད་ གཞུང་ལམ་དེ་ ཧ་ཀ་ཧོ་ཀ་ཡོད་མི་ལུ་བརྟེན་ བཱསི་ནང་གི་ ལམ་འགྲུལཔ་ཚུ་ལུ་ སྟབས་མ་བདེ་ཁག་ཁ་དང་ ཁ་ལས་སྐྱུགས་ནི་ལ་སོགས་པའི་ དཀའ་ངལ་ཚུ་བྱུང་སར་མཐོང་ནུག།
ལམ་འགྲུལཔ་ཚུ་ ནུབ་མོའི་ཆུ་ཚོད་ཕྱེད་དང་༡༠ དེ་ཅིག་ཁར་ བུམ་ཐང་ལུ་ ལྷོད་པའི་སྐབས་ རང་སོའི་ཉེ་ཚན་ཚུ་ལས་ ལྕམ་མཁར་ལུ་ བདེ་ཏོག་ཏོ་སྦེ་ར་ ལྷོད་ཅི་ག་ཟེར་བའི་ འགྲུལ་འཕྲིན་ཚུ་ ཆད་ནི་མེད་པར་འོང་སར་གོ་ནུག།
དེ་གི་ནངས་པར་ དྲོ་པ་ཧ་སག་ བུམ་ཐང་ལས་ ཤར་ཕྱོགས་ཁ་ཐུག་ལུ་ འགྲུལ་སྐྱོད་འབདཝ་བཞིན་དུ་ ལམ་བདའ་སྟེ་ འགྲུལ་པ་གསརཔ་ཚུ་ བཙུགས་འབག་འོང་ཡོདཔ་ད་ མོང་སྒར་གླིང་མི་ཐང་ལུ་ལྷོདཔ་ད་ རྒྱ་བསྐྱེད་འབད་བའི་བསྒང་ཡོད་མི་ གཞུང་ལམ་གུ་ལས་ ཐལཝ་ཚད་མེད་ ཐོན་མི་ལུ་བརྟེན་ བཱསི་གི་སྒོ་ཅུང་ཚུ་ བསྡམས་དགོཔ་ཐོནམ་ལས་ བཱསི་ནང་ན་ ཚ་དྲོད་དང་ དྲི་ངན་ལ་སོགས་པའི་ དཀའ་ངལ་དང་ ཉམས་སྣང་ངན་པ་བྱུང་ནུག།
མ་གཞི་ ཡོན་ཏན་གྱིས་ གླིང་མི་ཐང་ལས་འགྱོཝ་ད་ གཞུང་ལམ་གྱི་ གནས་སྟངས་དེ་ ལེགས་ཤོམ་འོང་ནི་གི་ རེ་བ་བསྐྱེདཔ་ཨིན་རུང་ དུས་ཡུན་ཆུ་ཚོད་༡༢ ཀྱི་རིང་ འགྲུལ་སྐྱོད་འབད་དེ་ བཀྲིས་སྒང་མ་ལྷོད་ཚུན་ སྐྱོ་དྲགས་སྦེ་ཡོད་པའི་ མཐོང་སྣང་བྱུང་ཡོདཔ་ཨིན་པས།
ཉིན་གྲངས་༢ ཀྱི་ འགྲུལ་སྐྱོད་དེ་ མཇུག་བསྡུ་བའི་བསྒང་ལས་ ཡོན་ཏན་ཚེ་གྲུབ་དེ་ ཁོ་རའི་ས་གོ་ནང་ལྷོདཔ་ད་ ཁོ་གི་གཟུགས་ཆ་མཉམ་ ཤུགས་སྦེ་ར་ན་སྟེ་ སྤར་མ་ཚུགསཔ་ ཐལ་ཡོདཔ་མ་ཚད་ མགུ་ཏོ་གུ་ ཐལཝ་ཆགས་ཏེ་ སྐྱ་ཨོ་རོག་ ཐལ་སོ་ནུག་ཟེར་ ཞུ་ནི་ཨིན།
སྐད་སྒྱུར་ ཉི་མ་དབང་འདུས།