༉ སྤྱི་ཟླ་༣ པའི་ཚེས་༡༢ ལུ་ ནཱ་རོ་རྒེད་འོག་ནང་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་ཐོག་ལས་ ཐིམ་ཕུག་རྫོང་ཁག་གི་ གདམ་ངོའི་འཛོམས་འདུ་མཇུག་བསྡུཝ་དང་འབྲེལ་ རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ གདམ་ངོ་༥ གདམ་འཐུ་གྲུབ་ནུག།
ནཱ་རོ་རྒེད་འོག་ནང་ དང་འདོད་ཅན་གྱི་མི་ངོམ་ ཐོན་མི་མེདཔ་བཞིན་དུ་ ཐིམ་ཕུག་རྫོང་ཁག་ནང་ རྒེད་འོག་༨ དང་ ཐིམ་ཕུག་ཁྲོམ་སྡེ་ལས་ དང་འདོད་ཅན་གྱི་གདམ་ངོ་༡༠ གྱིས་ བཅའ་མར་གཏོགས་མིའི་གྲས་ལས་ འདེམས་ངོ་༥ འཛོམས་འདུ་ནང་ལས་ གདམ་འཐུ་གྲུབ་མ་ཚུགས་པས།
སྤྱི་ཟླ་༣ པའི་ཚེས་༡༢ ལུ་ སྨད་ཝང་རྒེད་འོག་ནང་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ འབྲུག་ཁྲལ་ཡངས་ལས་འཛིན་གྱི་ ལས་བྱེདཔ་བགྲེསཔ་ སྐྱེས་ལོ་༢༩ ལང་མི་ སངས་རྒྱས་ཚེ་རིང་གིས་ ཚོགས་རྒྱན་བསྡོམས་༧༩༢ ལས་༥༣༠ ཐོབ་སྟེ་ དོ་འགྲན་པ་ སྐྱེས་ལོ་༢༧ ལང་མི་ རྟ་མགྲིན་ཚེ་རིང་ ཕམ་བཏང་ཡོདཔ་ཨིན་པས།
སྨད་ཝང་རྒེད་འོག་ནང་ ཁྱད་ཚད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༢,༧༡༡ ཡོད་མི་དེ་ རྒེད་འོག་ནང་ལས་ མཐོ་ཤོས་ཅིག་ཨིནམ་ད་ ཐིམ་ཕུག་རྫོང་ཁག་ནང་ གདམ་ངོའི་འཛོམས་འདུ་དེ་ཡང་ སྤྱི་ཟླ་༣ པའི་ཚེས་༥ ལས་ ལྕང་རྒེད་འོག་ལས་ ད་ལྟོའི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ཉི་མ་ལུ་ ཚོགས་རྒྱན་བཙུགས་པའི་སྐབས་ ཚོགས་རྒྱན་བཙུགས་མི་༢༠༡ ལས་བརྒལ་ མ་འོངམ་ཨིན་པས།
ཁོ་གིས་ ཚོགས་རྒྱན་མི་དགོ་༢༡ ཐོབ་སྟེ་ གདམ་འཐུ་གྲུབ་ཡོདཔ་བཞིན་དུ་ རྒེད་འོག་དེ་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༨༠༩ ཡོདཔ་ད་ དགེ་བསྙེན་ཁ་གི་ མི་སེར་ཚུ་གིས་ སློབ་དཔོན་བགྲེསཔ་ ལས་སྐྱིད་ཚེ་རིང་ལུ་ ཚོགས་རྒྱན་དགོ་༢༡༣ དང་ མི་དགོ་༢༡ བཙུགས་ཐོག་ལས་ གདམ་འཐུ་གྲུབ་ནུག།
ཐིམ་ཕུག་ཁྲོམ་སྡེ་ལས་ སྒེར་སྡེ་ནང་ལཱ་འབད་མི་ ཁྲིམས་དོན་འགོ་དཔོན་བགྲེསཔ་ མཚོ་སྐྱེས་རྡོ་རྗེ་གིས་ ཚོགས་རྒྱན་བསྡོམས་༡,༩༤༦ ལས་ ཚོགས་རྒྱན་༨༡༡ ཐོབ་སྟེ་ གདམ་འཐུ་གྲུབ་ཡོདཔ་ད་ རྒེད་འོག་ནང་ འོས་འབབ་ཅན་གྱི་ ཚོགས་རྒྱན་བཙུགས་མི་༧,༦༦༧ དེ་ཅིག་ཡོདཔ་ཨིན་པས།
ཀ་ཝང་རྒེད་འོག་ནང་འབད་བ་ཅིན་ ཐིམ་ཕུག་རྫོང་བདག་བགྲེསཔ་ ཚེ་དབང་རིག་འཛིན་གྱིས་ ཚོགས་རྒྱན་བསྡོམས་༥༣༥ ལས་ ཚོགས་རྒྱན་༣༧༤ ཐོབ་སྟེ་ གདམ་འཐུ་འབད་ཡོདཔ་ད་ ཀ་ཝང་རྒེད་འོག་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༡,༢༢༤ དེ་ཅིག་ ཡོདཔ་ཨིན་པས།
དར་དཀར་ལ་རྒེད་འོག་ནང་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དང་འདོད་ཅན་གྱི་ འདེམས་ངོ་ཐོན་མི་མེདཔ་ལས་ གདམ་ངོའི་འཛོམས་འདུ་སྐབས་ དེ་ཁའི་མི་སེར་༢༥ དེ་ཅིག་གིས་ རྒེད་འོག་ནང་ལས་ གདམ་ངོ་ཐོན་མི་མེད་ཟེར་ ལག་བྲིས་བཀོད་ཡོདཔ་ཨིན་པས།
དེ་ལས་ གླིང་བཞི་ལུ་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ ཚོགས་རྒྱན་བཙུགས་མི་༥༠ འོང་ཡོདཔ་བཞིན་དུ་ རྒེད་འོག་ནང་ལས་ འདེམས་ངོ་ཐོན་མི་མེདཔ་མ་ཚད་ སྲོས་རྒེད་འོག་ནང་ཡང་ མེདཔ་ཨིན་པས།
གདམ་འཐུ་གྲུབ་མི་ གདམ་ངོ་ཚུ་གིས་ སྤྱི་ཟླ་༣ པའི་ཚེས་༡༩ ནང་འཁོད་ལུ་ རང་སོའི་ ཡིག་ཆ་ཚང་སྒྲིག་དང་བཅས་ཐོ་བཀོད་དགོཔ་བཞིན་དུ་ ད་ལྟོ་ཚུན་ གདམ་ངོ་༡ རྐྱངམ་གཅིག་གིས་ ངོས་ལེན་འགོ་དཔོན་དང་གཅིག་ཁར་ གདམ་ངོའི་ཡིག་ཆ་བཙུགས་ཡོདཔ་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།