གཙོ་འཛིན་བློ་གྲོས་ཚེ་རིང་གིས་ ཚོགས་རྒྱན་བཙུགས་པའི་བསྒང་།

ཐིམ་ཕུག་གིས་ གསོ་བའི་མཁས་མཆོག་༢ གདམ་ འཐུ་འབད་ཡོདཔ།

༉ ཁ་ཙ་ སྤྱིར་བཏང་བཙག་འཐུའི་ནང་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཌོག་ཊར་༢ ཀྱིས་ ཐིམ་ཕུག་གི་ འདེམས་ཁོངས་༢ ཆ་ར་ལས་ རྒྱལ་ཁ་ཐོབ་ཅི།

འབྲུག་མཉམ་རུབ་ཚོགས་པའི་ གཙོ་འཛིན་དང་ ལྷོ་ཐིམ་ཕུག་གི་འདེམས་ངོ་ བློ་གྲོས་ཚེ་རིང་གིས་ ཚོགས་རྒྱན་༢,༧༢༨ ཐོབ་ཡོདཔ་ད་ ཁོ་གི་དོ་འགྲན་པ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀུན་ལེགས་ཚོ་རིང་གིས་ ཚོགས་རྒྱན་༡,༦༧༦ མ་གཏོགས་ ཐོབ་མ་ཚུགས་པས།

བློ་གྲོས་ཚེ་རིང་གིས་ རྒྱལ་ཁབ་ཀྱི་ ས་གནས་གཞན་ཚུ་ནང་ སྐུལ་བསྒྲགས་འབད་དགོཔ་ བྱུང་ནི་དེ་གིས་ ཁོ་རའི་ འདེམས་ཁོངས་ནང་ སྤྱིར་སྙོམས་འཛོམས་འདུ་ཕུད་རྡོག་གཅིག་ནང་ར་ བཅའ་མར་གཏོགས་མ་ཚུགས་པས།

གཤག་བཅོས་དྲུང་འཚོ་གིས་ ཁོ་རའི་ འདེམས་ཁོངས་ནང་ སྡོད་མ་ཚུགས་རུང་ སྤྱིར་བཏང་བཙག་འཐུའི་ནང་ ཚོགས་རྒྱན་མངམ་ཐོབ་ཡོདཔ་ལས་ དོ་འགྲན་པ་དང་ཕྱདཔ་ད་ ཚོགས་རྒྱན་༡,༠༥༢ ཐེབས་ཐོབ་ནུག།

འགོ་ཐོག་བཙག་འཐུའི་སྐབས་ ཚོགས་རྒྱན་བསྡོམས་༥,༥༩༢ བཙུགས་མི་ལས་ བློ་གྲོས་ཚེ་རིང་གིས་ ཚོགས་རྒྱན་༢,༨༡༦ ཐོབ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀུན་ལེགས་ཚེ་རིང་གིས་ ཚོགས་རྒྱན་༡,༡༧༣ ཐོབ་ཡོདཔ་ཨིན་པས།

ཨིན་རུང་ བྱང་ཐིམ་ཕུག་འདེམས་ཁོངས་ནང་ ཚོགས་རྒྱན་གྱི་ ཁྱད་པར་ཉུང་སུ་ཅིག་ལས་མེད་མི་དེ་ཡང་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ བདེ་ཆེན་དབང་མོ་གིས་ འགོ་ཐོག་བཙག་འཐུ་བཟུམ་སྦེ་ར་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་འོག་མ་ ལི་ལི་དབང་ཕྱུག་ལས་ ཚོགས་རྒྱན་གྱི་སྣ་ཁྲིད་འབད་མི་དེ་ཡང་ བདེ་ཆེན་དབང་མོ་གིས་ ཚོགས་རྒྱན་༢,༢༧༦ དང་ ལི་ལི་དབང་ཕྱུག་གིས་ ཚོགས་རྒྱན་༢,༡༠༢ ཐོབ་ནུག།

འགོ་ཐོག་བཙག་འཐུའི་སྐབས་ ལི་ལི་དབང་ཕྱུག་གིས་ ཚོགས་རྒྱན་༡,༡༣༤ དང་ བདེ་ཆེན་དབང་མོ་གིས་༡,༢༡༡ ཐོབ་ཡོདཔ་ད་ སྤྱིར་བཏང་བཙག་འཐུའི་ནང་ བདེ་ཆེན་དབང་མོ་གིས་ ཚོགས་རྒྱན་༡,༠༦༥ དང་ ལི་ལི་དབང་ཕྱུག་གིས་༩༦༨ ཐོབ་ཅི།

འགོ་ཐོག་བཙག་འཐུ་ནང་ ཐིམ་ཕུག་ལས་ ཚོགས་རྒྱན་བཙུགས་མི་༩,༨༡༠ ལས་༤,༠༢༧ གྱིས་ འབྲུག་མཉམ་རུབ་ཚོགས་པ་ལུ་ བཙུགས་མི་དེ་ སྤྱིར་བཏང་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་མི་༥,༠༠༤ ལུ་ ཡར་འཕར་སོང་ནུག།

སྐྱེས་ལོ་༤༢ ལང་མི་དང་ མཉམ་རུབ་ཚོགས་པའི་ འདེམས་ངོ་༥ ཡོད་མིའི་གྲས་ལས་༡ ཨིན་མི་ བདེ་ཆེན་དབང་མོ་ལུ་ མི་མང་གསོ་བའི་འཕྲོད་བསྟེན་ནང་ མཐོ་རིམ་གོང་མའི་ ཤེས་ཚད་ཡོདཔ་ད་ མོ་གིས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ མོ་ནད་མཁས་མཆོག་ ཌོག་ཊར་ཨྱོན་མཚོ་མོ་དང་ མཉམ་འབྲེལ་ཐོག་ འབྲུག་ཀེན་སར་ལས་ཚོགས་ གཞི་བཙུགས་འབད་ཡོདཔ་ཨིན་པས།

ད་རིས་ རྒྱལ་རབས་ཅན་གྱི་ བཙག་འཐུའི་གྲུབ་འབྲས་ལུ་བལྟ་སྟེ་ སེམས་དགའ་ཡོདཔ་མ་ཚད་ འབྲུག་པའི་མི་སེར་གྱིས་ ང་བཅས་ལུ་ བློ་གཏད་དེ་ རྩ་བ་གསུམ་ལུ་ དད་དམ་ལྷད་མེད་ཀྱི་སྒོ་ལས་ ཕྱག་ཕྱིད་ཞུ་ནི་གི་ གོ་སྐབས་གནང་མི་ལུ་ བཀྲིན་བསམ་གྱིས་མི་ཁྱབ་པར་ཡོད་ཟེར་ བདེ་ཆེན་དབང་མོ་གིས་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *