༉ རྒྱལ་ས་ལྟེ་བ་ལུ་ དྲོ་པ་ཨ་རྟག་ར་ དལ་རྒྱུག་རྐྱབ་མི་དང་ མཆོད་རྟེན་སྐོར་ར་རྐྱབ་པར་འགྱོ་མི་ ན་ལོན་དང་ རྒན་རྒས་ཚུ་ལུ་ གདོང་ལེན་སྦོམ་ཤོས་ར་ ལམ་བདའ་སྟེ་ སྤྱང་ཁྱི་ཚུ་གི་ འཇིགས་སྣང་བྱུང་མི་དེ་ཨིན་མས།
དེ་མ་ཚད་ ཟླཝ་༢ དེ་ཅིག་གི་ཧེ་མ་ ཐིམ་ཕུག་ལུ་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་གིས་ སྐུལ་བསྒྲགས་འབད་བའི་སྐབས་ སྤྱང་ཁྱི་དང་ གསོ་ཁྱི་ཚུ་ལུ་བརྟེན་ དཀའ་ངལ་སྦོམ་བྱུང་ཡོདཔ་ད་ དེ་བསྒང་ ལུང་གཤོང་ནང་སྡོད་མི་ སྟོང་ཕྲག་ལས་བཅད་མི་ཚུ་ དུས་རྒྱུན་དུ་ སྤྱང་ཁྱི་ཚུ་གི་ གནོད་ཉེན་གནས་སྟངས་ནང་ སྡོད་དོ་ཡོད་པའི་ མངོན་གསལ་བྱུང་ནུག།
འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཉིན་བསྟར་བཞིན་དུ་ རོ་ཁྱི་གིས་ སོ་བཏབ་མི་༡༢ དེ་རེ་ ལྷོད་དོ་ཡོད་མི་དེ་ ན་ཧིང་སྤྱིར་སྙོམས་ལུ་ མི་༨ དེ་ཅིག་ འོང་མི་དང་ཕྱདཔ་ད་ ཡར་འཕར་སོང་ནུག།
རོ་ཁྱི་གིས་ སོ་བཏབ་མི་ ཉམས་རྒུདཔ་ཚུ་ཡང་ ཨ་ལོ་སྐྱེས་ལོ་༡ ལང་མི་ལས་ རྒན་རྒས་སྐྱེས་ལོ་༩༠ ལང་མི་ཚུན་ཡོདཔ་ད་ ཐིམ་ཁྲོམ་ནང་ འཁྱམས་སྡོད་མི་ སྤྱང་ཁྱི་༥,༠༠༠ དེ་ཅིག་ ཡོད་མི་ཚུ་གིས་ ཨ་ལོ་དང་ རྒན་གཞོན་མེད་པར་ སོ་བཏབ་ཡོད་མི་དེ་ཡང་ དུས་ཅིའི་ལོ་ནང་ ཨ་ལོ་དང་ ནང་གི་ཨམ་ ལྟ་བཤལཔ་ དགེ་སློང་ བཟོ་སྐྲུན་གྱི་ལས་མི་ སློབ་ཕྲུག་ སློབ་དཔོན་ སྨན་གཡོགམོ་ དེད་གཡོགཔ་ སོ་ནམ་པ་ ཚོང་པ་ དྲག་ཁག་གསུམ་གྱི་ འཐུས་མི་ཚུ་ལུ་ སྤྱང་ཁྱི་གིས་ སོ་བཏབ་ཡོད་པའི་ སྙན་ཞུ་ལྷོད་ཡོད་མི་ལུ་ བལྟ་བ་ཅིན་ ཐིམ་ཕུག་ལུང་གཤོང་དེ་ རོ་ཁྱི་ལས་བརྟེན་པའི་ ཉེན་སྲུང་མེད་པའི་ ཁྲོམ་ཅིག་ལུ་ གྱུར་ཡོད་པའི་ མཐོང་སྣང་བྱུངམ་མས།
དུས་ཅི་ སྤྱི་ཟླ་༥ པའི་ཚེས་༢༢ ཚུན་ཚོད་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་རྐྱངམ་གཅིག་ར་ རོ་ཁྱི་གིས་ སོ་བཏབ་མི་༡,༨༩༤ ལྷོད་ཡོད་མི་ལས་ མཐོ་ཤོས་ར་ སློབ་ཕྲུག་ཚུ་ཨིན་མི་དེ་ཡང་ རོ་ཁྱི་གིས་ སོ་བཏབ་མི་ སློབ་ཕྲུག་༥༨༨ ལྷོད་ཡོདཔ་བཞིན་དུ་ དེ་གི་ཤུལ་ལས་ར་ སྒེར་སྡེ་ནང་ ལཱ་འབད་མི་༢༡༣ དང་ ནང་གི་ཨམ་༡༢༡ སྨན་བཅོས་འབད་བར་ གཙོ་བསྟེན་སྨན་ཁང་ནང་འོང་ནུག། ད་རུང་ ལྟ་བཤལཔ་༡༠ དང་ སློབ་དཔོན་༢༢ སྨན་བཅོས་འབད་དགོཔ་ བྱུང་ཡོདཔ་ཨིན་མས།
དུས་ཅི་ རོ་ཁྱི་གིས་ སོ་བཏབ་མི་ ཉམས་རྒུདཔ་ཚུ་གི་ ཐོ་བཀོད་ལུ་ བལྟ་བ་ཅིན་ མི་གྲངས་༤༨༦ སྐྱེས་ལོ་༢༠ ཉེར་གྲངས་ནང་དང་༢༧༩ སྐྱེས་ལོ་༣༠ སོ་གྲངས་ནང་འབད་མི་ཚུ་ཨིན་པའི་ཁར་ མི་༡༣༢ སྐྱེས་ལོ་༤༠ ཞེ་གྲངས་དང་༨༨ སྐྱེས་ལོ་༥༠ ང་གྲངས་ དེ་ལས་༢༢ སྐྱེས་ལོ་༧༠ དོན་གྲངས་དང་ མི་༩ སྐྱེས་ལོ་༨༠ གྱ་གྲངས་ནང་ འབད་མི་ཚུ་ཨིན་མས།
དེ་ལས་ རྒྱལ་ཡོངས་གནས་རིམ་ནང་འབད་བ་ཅིན་ སྤྱི་ལོ་༢༠༡༦ ལུ་ རོ་ཁྱི་གིས་ སོ་བཏབ་མིའི་གྱངས་ཁ་༨,༠༠༠ ལུ་ ལྷོད་མི་དེ་ སྤྱི་ལོ་༢༠༡༢ ལུ་ ཉམས་རྒུདཔ་༥,༣༥༣ ལས་ ཡར་འཕར་སོང་ཡོདཔ་སྦེ་ ལོ་བསྟར་གསོ་བའི་དུས་དེབ་༢༠༡༧ ཅན་མའི་ནང་བཀོད་ནུག།
འདི་འབདཝ་ད་ སྤྱང་ཁྱིའི་འཇིགས་སྣང་དང་ རོ་ཁྱི་ལུ་བརྟེན་པའི་ མི་མང་འཕྲོད་བསྟེན་ལུ་ གནོད་ཉེན་ཁྱབ་ཆེ་སུ་འགྱོ་བའི་ ཉོགས་བཤད་བཀོད་མི་ མང་སུ་ཐོནམ་ཨིན་རུང་ འབྲེལ་ཡོད་དབང་འཛིན་ཚུ་གི་ ཁ་ཐུག་ལས་ རོ་ཁྱིའི་གྱངས་ཁ་ ཚད་འཛིན་འབད་ནིའི་དོན་ལུ་ གཤག་བཅོས་ལས་རིམ་རྒྱ་ལམ་རེ་ འགོ་འདྲེན་འཐབ་མ་གཏོགས་ དཀའ་ངལ་སེལ་ནིའི་ ཐབས་ལམ་གངམ་བཏོན་སར་ མི་མཐོངམ་མས།
ཁྲོམ་སྡེ་གིས་འབད་བ་ཅིན་ སྤྱང་ཁྱི་ཚུ་ བདག་འཛིན་འཐབ་ནི་དང་ ལྟ་རྟོག་འབད་ནིའི་འགན་ཁུར་ ཁྲོམ་སྡེ་ལུ་ མི་ཕོག་ཟེར་ཨིནམ་ད་ རྒྱལ་ཡོངས་སེམས་ཅན་འཕྲོད་བསྟེན་ལྟེ་བ་གིས་ ཁོང་གི་འགན་ཁུར་དེ་ རོ་ཁྱི་ཚུ་གི་ གཤག་བཅོས་འབད་ནི་རྐྱངམ་གཅིག་ཨིན་ཟེར་ བཤདཔ་ཨིན་མས།
སྤྱང་ཁྱི་དང་འབྲེལ་བའི་ དཀའ་ངལ་སེལ་ནི་དང་ ལྟ་རྟོག་འབད་མི་ འགན་འཁྲི་ཅན་གྱི་ ལས་སྡེ་ཅིག་མེད་མི་ལུ་བརྟེན་ ད་རེས་ནངས་པར་ ཁྲོམ་ཁར་སྡོད་མི་དང་ ལྟ་བཤལཔ་ཚུ་ལུ་ གདོང་ལེན་སྦོམ་བྱུང་སྟེ་ཡོད་པའི་ཁར་ ཕྱིའི་ལྟ་བཤལཔ་ཚུ་གི་ ཉོགས་བཤད་གཙོ་བོ་ར་ གནམ་ནུབ་མོར་ རོ་ཁྱི་ཧབ་སྟེ་ ཞག་སྐྱིད་ཏོང་ཏོ་སྦེ་ ཉལ་མི་བཅུག་པའི་ཁར་ ཁྲོམ་ཁར་བཤལ་བར་འགྱོ་ནི་ལུ་ཡང་ རོ་ཁྱི་ལུ་འདྲོག་སྟེ་ འགྱོ་མི་ཚུགས་པས་ཟེར་ཨིན་མས།
མ་གཞི་ དཀའ་ངལ་དེ་ མི་སྡེ་ག་ར་གིས་ མཉམ་རུབ་ཐོག་ལས་ སེལ་དགོཔ་ཨིན་རུང་ ཁྲོམ་སྡེ་གིས་ འགན་ཁུར་འབག་སྟེ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཉེན་སྲུང་ཡོདཔ་ བཟོ་ནི་གི་ སྣ་ཁྲིད་འབད་དགོ། འདི་དང་གཅིག་ཁར་ ང་བཅས་རའི་ སློབ་ཕྲུག་དང་ རྐང་སྟོང་སྦེ་འགྱོ་མི་ཚུ་ ལམ་ག་ཏེ་ལས་འགྱོ་རུང་ འཁྱམས་སྡོད་མི་ སྤྱང་ཁྱི་ཚུ་ལས་ གནོད་ཉེན་མེདཔ་ ངེས་བརྟན་བཟོ་དགོ།
Check Also
ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།
༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …