ཐིམ་ཕུག་གི་ ལོ་བསྟར་སྒྲོམ་མཆོད་ ད་རིས་ འགྲོལ་གནང་ནི།

༉ ཉིན་གྲངས་༣ འབད་མི་ ལྷ་མོའི་སྒྲོམ་མཆོད་དེ་ ད་རིས་ གཞུང་གྲྭ་ཚང་གིས་ དགེ་འདུན་འཆམ་དུར་བདག་དང་ ཟོར་འཆམ་རྒྱས་པའི་ སྐུ་འཆམ་གྱི་ མཇལ་ཁ་གནང་ཐོག་ལས་ འགྲོལ་ནི་ཨིན་པས།
ཡོངས་གྲགས་ཅན་གྱི་ ཐིམ་ཕུག་སྒྲོམ་མཆོད་སྐབས་ མི་མང་ཤོས་ཀྱིས་ ཉིནམ་༢ པའི་ནང་ ལྷམོ་གཙོ་མོའི་སྐུ་འཆམ་མཇལ་ནིའི་དོན་ལུ་ རྫོང་གི་རྡོ་གཅལ་ནང་ ཤོང་མ་ཤོངམ་སྦེ་ར་ སྤུངས་འཛོམས་འབདཝ་ཨིན་པས།
དེ་ཡང་ མི་ཚུ་གིས་ སྒྲུབ་ཆེན་སྐབས་ལུ་ གཙོ་བོ་ ལྷམོ་གཙོ་མོ་ཨིནམ་ལས་ དངོས་གྲུབ་ཞུ་ནི་དང་ སྨོན་ལམ་བཏབ་ནིའི་དོན་ལུ་ཨིན་པས།


སྐྱེས་ལོ་༦༥ ལང་མི་ སེངྒེ་གིས་ ཁ་ཙ་ ཉིམ་ཤུགས་སྦེ་ ཤར་ཏེ་འབད་རུང་ ལྷམོ་གཙོ་མོའི་སྐུ་འཆམ་ མཇུག་མ་བསྡུ་ཚུན་ རྩ་འགེངས་ཏེ་ རྡོ་གཅལ་ནང་ སྡོདཔ་ཨིན་པས།
ཁོ་གིས་ བཤད་མིའི་ནང་ སྒྲོམ་མཆོད་ཀྱི་སྐོར་ལས་ ཁ་གསལ་སྦེ་མ་ཤེས་རུང་ གོ་ཤེས་ཅན་ཚུ་གིས་ སྒྲོམ་མཆོད་ཀྱི་སྐབས་ སྨོན་ལམ་བཏབ་ནི་དེ་ གལ་ཆེ་ཟེར་སླབ་ནི་དེ་གིས་ དྲོ་པ་ཧ་སག་ལས་འོང་སྟེ་ སྡོད་ས་ཡང་ གདོང་ཁར་ཐོབ་ཅི་ཟེར་བཤད་ནི་འདུག།
དེ་བཟུམ་སྦེ་ ཐིམ་ཕུག་དང་ ཉེ་འདབས་ཀྱི་རྫོང་ཁག་ལས་ མི་ཚུ་གིས་ ཁ་ཙ་ སྐུ་འཆམ་མཇལ་ནིའི་དོན་ལུ་ ལེ་ཤ་འོང་ཡོདཔ་ད་ ག་ར་གིས་ སྐུ་འཆམ་མཇུག་བསྡུ་བའི་ཤུལ་ལས་རྐྱངམ་གཅིག་ ལོག་འགྱོ་སར་མཐོང་ཡི།


གཞུང་གྲྭ་ཚང་གི་ ཞིབ་འཚོལ་འགོ་དཔོན་ ལྷུན་གྲུབ་ཚེ་རིང་གིས་ སླབ་མིའི་ནང་ སྐུ་འཆམ་དེ་ དཔལ་ལྡན་ལྷ་མོའི་རྣམ་ཐར་དང་འཁྲིལ་བཟོ་ཡོད་མི་དེ་ཡང་ གཙོ་བོ་ར་ རྒྱལ་ཁབ་ཀྱི་ ཞི་བདེ་དང་ བསྟན་སྲིད་ཀྱི་དོན་ལུ་དམིགས་ཏེ་ འགོ་བཙུགས་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་རིས་ སྒྲོམ་མཆོད་ཀྱི་ཉིནམ་མཇུག་ལུ་ དཔལ་ལྡན་ལྷ་མོའི་ དཀྱིལ་འཁོར་བཞེངས་ཡོད་མི་དེ་ བསུ་བ་གསེར་སྦྲེང་དང་བཅསཔ་སྦེ་ ཆུ་ནང་བཤགས་འོང་ཟེར་ཨིན་པས།


སྒྲོམ་མཆོད་དེ་ཡང་ རྒྱལ་སྲས་བདག་ཉིད་ཆེན་པོ་ ཀུན་དགའ་རྒྱལ་མཚན་གྱིས་ དཔལ་ལྡན་ལྷ་མོ་དུད་སོལ་མ་དེ་ དངོས་སུ་སྦེ་མནལ་ལམ་ནང་ ཡང་བསྐྱར་གཟིགས་ཏེ་ གསུང་ཐོས་ཀྱི་ ལུང་བསྟན་དང་བསྟུན་ཏེ་ ལྷམོ་གཙོ་འཁོར་དང་བཅས་པའི་ སྐུ་འཆམ་ཚུ་ ད་རེས་ མི་མང་གིས་ མཇལ་ནིའི་གོ་སྐབས་འཐོབ་མི་དེ་ཡང་ ཁོ་གིས་མཛད་གནང་ནི་དེ་གིས་ ཨིན་ཟེར་ཨིན་པས།
དེ་འབདཝ་ལས་ དཔལ་ལྡན་ལྷ་མོའི་ དཀྱིལ་འཁོར་གྱི་རྟེན་དང་བརྟེན་པ་བཅས་པ་ གཟིགས་མི་ཚུ་གི་ དད་རྟེན་དང་ རྒྱལ་ཁབ་ཀྱི་རྐྱེན་སེལ་རྟེན་འབྲེལ་གྱི་ གནས་ཁྱད་པར་ཅན་ལུ་གཟིགས་ཏེ་ སྤུ་ན་ཁའི་ མགོན་དབང་སྒྲུབ་མཆོད་འགོ་བཙུགས་མི་དེ་ ཤུལ་ལས་ ཐིམ་ཕུག་ལུ་ཡང་ གཞི་བཙུགས་འབད་ནུག་ཟེར་ཨིན་པས།


སྒྲོམ་མཆོད་ཀྱི་སྐབས་ལུ་ ལྷ་མོ་རེ་མ་ཏི་གིས་ སྣ་ཁྲིད་འབད་དེ་ ལྷ་མོ་མཆེད་བཞི་དང་ སྒོ་མ་བཞི་ གདོང་ཅན་བརྒྱད་ དཔལ་ལྡན་ལྷ་མོ་གཙོ་མོའི་ཕྱག་ཞུ་སྟེ་ འགུགས་བྱེད་དང་གསོད་བྱེད་གསུམ་བཅས་ཀྱི་ སྐུ་འཆམ་ཚུ་ རྒྱལ་སྲས་ཀུན་དགའ་རྒྱལ་མཚན་གྱིས་ བརྩམས་གནང་མི་དེ་ བྱིན་རླབས་ཅན་ཅིག་ཨིན་པས།


ལྷམོ་གཙོ་མོའི་དངོས་འཆམ་དེ་ རྒྱལ་སྲས་ཀུན་དགའ་རྒྱལ་མཚན་གྱིས་ དག་སྣང་ལུ་མཇལ་ཏེ་ ལུང་བསྟན་ཐོབ་པའི་གནང་བ་དང་འཁྲིལ་ཏེ་ ལྷ་མོའི་འཆམ་ གསར་བརྩམས་མཛད་ཡོདཔ་ལས་ གཏེར་འཆམ་མཐོང་གྲོལ་ཆེན་མོ་དང་ དངོས་འཆམ་མཇལ་བ་ཙམ་གྱིས་ རང་གི་སྡིག་སྒྲིབ་དག་ནི་དང་ རྐྱེན་ངན་བར་ཆད་བསལ་ནི་ དེ་ལས་ དད་པ་སྦོམ་བསྐྱེད་དེ་ གསོལ་བ་བཏབ་པ་ཅིན་ མཆོག་དང་མཐུན་མོང་གི་དངོས་གྲུབ་ འཐོབ་ཚུགས་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *