ཐིམ་ཕུག་ཁྲོམ་སྡེའི་ སྐྱེལ་འདྲེན་བཱསི་གསརཔ་ཚུ་ སྤྱི་ཟླ་༡༡ པ་ལས་ འགྲུལ་སྐྱོད་འགོ་བཙུགས་ནི།

༉ དུས་ཅི་ སྤྱི་ཟླ་༩ པའི་ཚེས་༩ ལས་ ཐིམ་ཕུག་ཁྲོམ་སྡེ་འོག་ལུ་ཡོད་པའི་ འགྲུལ་བཀག་ས་ཁོངས་ཚུ་ལས་ཕར་ སྐྱེལ་འདྲེན་བཱསི་གསརཔ་ཚུ་ནང་ ཇི་པི་ཨེས་ཟེར་ འཛམ་གླིང་གནས་སྟངས་རིམ་ལུགས་གཞི་བཙུགས་འབད་མི་དེ་ ལག་ལེན་འཐབ་བཏུབ་དང་ མ་བཏུབ་ཀྱི་ བརྟག་དཔྱད་ཚུ་ འབད་ནི་འགོ་བཙུགས་ཏེ་འདུག།

དེ་ཡང་ དཔྱེ་འབད་བ་ཅིན་ བར་སྦིས་ས་སྐྱེལ་འདྲེན་བཱསི་བཞག་སའི་ས་ཁོངས་ལས་ ཐིམ་ཕུག་ཁྲོམ་ནང་ རྒྱུན་འགྲུལ་འཐབ་ནི་ཨིན་པ་ཅིན་ ས་གནས་ག་ཏེ་ལྷོད་ནི་ཨིན་ན་ ཨ་རྟག་བཟུམ་སྦེ་ དེད་གཡོགཔ་ ཡང་ཅིན་ ཞབས་ཏོག་སྤྱོད་མི་ཚུ་གིས་ བརྡ་ལན་འབད་མ་དགོ་པར་ རང་བཞིན་གྱིས་ ས་གནས་ཀྱི་མིང་ཚུ་ ཇི་པི་ཨེས་ཐོག་ལས་ ཁྱབ་བསྒྲགས་ ཡང་ཅིན་ བརྡ་ལན་འཐོབ་ཚུགས་ནི་ཨིན་པས།

ད་ལྟོ་ཚུན་ ཐིམ་ཁྲོམ་ནང་ སྐྱེལ་འདྲེན་བཱསི་༤༡ གིས་ མི་མང་ལུ་ ཞབས་ཏོག་སྤྲོད་མི་དེ་ སྤྱི་ཟླ་༨ པའི་ཚེས་༢༩ ལུ་ ཐིམ་ཕུག་ལུ་ བཱསི་གསརཔ་༢༧ ལྷོད་མི་དང་འཁྲིལ་ བཱསི་༦༨ ལུ་ ཡར་སེང་སོང་ཡོདཔ་ལས་ ད་ལས་ཕར་ ལེ་ཤ་གིས་ ཡར་དྲག་གཏང་ཚུགས་པའི་ འོས་འབབ་ཡོདཔ་ཨིན་པས།

གནད་དོན་དེ་གི་དོན་ལུ་ ད་ལྟོའི་གནས་སྟངས་བསྒྱུར་བཅོས་དང་ ལེགས་བཅོས་འབད་ཐབས་ལུ་ ཐིམ་ཕུག་ཁྲོམ་སྡེའི་ ས་ཆ་རིག་པའི་ བརྡ་ལན་རིམ་ལུགས་སྡེ་ཚན་གྱིས་ རྒྱུན་འགྲུལ་འབད་ནིའི་ས་ཁྲ་བཟོ་ཡོདཔ་ད་ དེ་ཡང་ བཱསི་བཞག་སའི་ས་ཁོངས་ཚུ་ལས་ ས་གནས་ཁག་ཚུ་ནང་ མི་ འཐོན་འཛུལ་གྱི་དོན་ལུ་ བཱསི་བཀག་ས་ཚུ་ བཟོ་སྟེ་འདུག།

ཐིམ་ཕུག་སྐྱེལ་འདྲེན་བཱསི་འཛིན་སྐྱོང་པ་གིས་ བཱསི་དེ་ནང་ སིམ་ཀཱཌ་རིམ་ལུགས་ཐོག་ལས་ ཞབས་ཏོག་སྤྱོད་མི་ཚུ་གིས་ ཏི་རུ་སྤྲོད་ཆོགཔ་བཟོ་ནི་དེ་ཡང་ དགའ་སྐྱིད་རའེཌི་ལས་སྡེ་གིས་ བཟོ་སྐྲུན་འབད་ནུག།

ཐིམ་ཕུག་སྐྱེལ་འདྲེན་བཱསི་འཛིན་སྐྱོང་པ་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ སྤྱི་ཟླ་༡༡ པའི་ནང་ སྐྱེལ་འདྲེན་བཱསི་ག་ར་ དུས་སྟབས་ཅིག་ལུ་སྦེ་ ཞབས་ཏོག་སྤྱོད་ཐབས་ལུ་ ཟླ་ངོ་༢ ཀྱི་རིང་ མོ་བཏབ་བཟུམ་ཅིག་སྦེ་ རིམ་ལུགས་གསརཔ་བཙུགས་མི་ཚུ་ བརྟག་དཔྱད་འབད་དེ་ སྤུས་ཚད་ལྡནམ་བཟོ་ནི་ཨིན་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ བཱསི་གསརཔ་ནང་ མཐུན་རྐྱེན་ཡོད་མིའི་གྲས་ལས་ དབང་པོ་སྐྱོན་ཅན་ཚུ་གིས་ འཁོར་ལོ་ཅནམ་ལག་ལེན་ཐོག་ ཞབས་ཏོག་སྤྱོད་ཚུགས་ནི་ཨིནམ་མ་ཚད་ མིག་ཏོ་ལུ་ སྐྱོན་ཞུགས་མི་ཚུ་གིས་འབད་རུང་ ས་གནས་ག་ཏེ་ལུ་ འགྱོཝ་ཨིན་ན་དང་ ག་ཏེ་ལུ་ལྷོད་ནི་ཨིན་ན་ ཤེས་རྟོགས་འབྱུང་ཚུགས་པའི་ཁར་ ཐིམ་ཕུག་ལུ་ འགོ་དང་པ་ལྷོད་མི་ཚུ་ལུ་ཡང་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།

སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ མོ་བཏབ་དང་པའི་སྐབས་ལུ་ ས་གནས་ ལྷོ་བར་སྦིས་ས་ལས་འགོ་བཙུགས་ བྱང་ཁ་ཐུག་ སྤང་རི་ཟམ་པའི་ གཞུང་ལམ་བདའ་སྟེ་ ལག་ལེན་འཐབ་ནི་ཟེར་ཨིནམ་ད་ བཀག་སའི་ས་ཁོངས་ཚུ་ནང་ དུས་ཡུན་སྐར་མ་༡༠ གྱི་ནང་འཁོད་ ཞབས་ཏོག་སྤྱོད་ཚུགསཔ་བཟོ་ནི་དང་ གཞུང་ལམ་ལས་ ཁྲོམ་སྡེ་ཡན་ལག་ས་ཁོངས་གཞན་ཚུ་ནང་ཡང་ རིམ་ལུགས་དེ་ ལག་ལེན་འཐབ་བཏུབ་ བཟོ་ནི་ཟེར་ཨིན་པས།

འདི་དང་འབྲེལ་ ཡན་ལག་ཁྲོམ་གྱི་ས་གནས་ ཀུན་གསལ་ཕོ་བྲང་དང་ ཐིམ་ཕུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭ་ དེ་ལས་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མ་ཚུ་ནང་ཡང་ བསྟར་སྤྱོད་འབད་ནི་ཟེར་ཨིན་པས།

ས་ཆ་རིག་པའི་བརྡ་ལན་རིམ་ལུགས་ཀྱི་ ཞིབ་རྟོགས་བྱུང་མི་དང་འཁྲིལ་བ་ཅིན་ ཐིམ་ཕུག་ཁྲོམ་སྡེ་ནང་ བསྡོམས་ཀྱིས་ སྐྱེལ་འདྲེན་བཱསི་༡༠༠ དེ་ཅིག་གི་ དགོས་མཁོ་ཡོད་རུང་ འགོ་རིམ་སྦེ་ ལག་ལེན་འཐབ་དགོཔ་ལས་ སྟབས་གཅིག་ལུ་ བསྟར་སྤྱོད་འབད་མི་ཚུགས་ཟེར་ འཛིན་སྐྱོང་པ་གིས་ བཤདཔ་ཨིན་པས།

བརྡ་ལན་རིམ་ལུགས་སྡེ་ཚན་གྱིས་ སྐྱེལ་འདྲེན་བཱསི་བཞག་སའི་ས་ཁོངས་༣ ངོས་འཛིན་འབད་མི་ཚུ་ བྱང་ཕྱོགས་ཁ་ཐུག་ བདེ་ཆེན་ཆོས་གླིང་ གདངས་རས་ནང་དང་ ལྷོ་ཐིམ་ཕུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭའི་ས་ཁོངས་ དེ་ལས་ དབུས་ཕྱོགས་ ཐིམ་ཕུག་ཁྲོམ་སྡེའི་ སྐྱེལ་འདྲེན་བཱསི་བཞག་སའི་ཡིག་ཚང་ལྟེ་བ་ཚུ་ཨིན་པས།

ད་ལས་ཕར་ དབྱེ་ཁག་༤ གི་ཐོག་ལས་ གླ་འཐུས་བཏབ་ཆོག་ནི་ཨིནམ་ད་ དེ་ཡང་ ཀཱཌ་རིམ་ལུགས་ཐོག་ དབང་པོ་སྐྱོན་ཅན་དང་ མི་རྒན་ཤོས་ སློབ་ཕྲུག་ དེ་ལས་ སྤྱིར་བཏང་འགྲུལ་མི་ཚུ་གིས་ ལག་ལེན་འཐབ་ཚུགས་ནི་ཨིནམ་ད་ དེ་གི་དོན་ལུ་ སིམ་ཀཱཌ་དངུལ་ཀྲམ་༡༠༠ དེ་ཅིག་སྤྲོད་དེ་ ཉོ་དགོཔ་ཨིན་པས།

སྤྱིར་བཏང་ སྐྱེལ་འདྲེན་བཱསི་གི་ གླ་འཐུས་དངུལ་ཀྲམ་༡༠ ལས་༥༠ གི་བར་ན་ ཕོག་ནི་དང་ དབང་པོ་སྐྱོན་ཅན་ཚུ་ལུ་ བརྒྱ་ཆ་༢༠ གིས་ མར་ཕབ་དང་ སློབ་ཕྲུག་ཚུ་ བརྒྱ་ཆ་༣༠ མར་ཕབ་ དེ་ལས་ མི་རྒན་ཤོས་ཚུ་ལུ་ བརྒྱ་ཆ་༡༠ མར་ཕབ་འབད་ནི་ཨིན་པས།

གླ་འཐུས་སྤྲོད་ནིའི་དོན་ལུ་ སིམ་ཀཱཌ་རིམ་ལུགས་གཞི་བཙུགས་དགོ་མི་དེ་ འཛིན་སྐྱོང་པ་དང་འཁྲིལཝ་ད་ འོང་འབབ་འཛག་ལུས་མི་ཤོར་ནི་དང་ དེང་སང་འཕྲུལ་རིག་རིམ་ལུགས་ བསྟར་སྤྱོད་འབད་ཐབས་ལུ་ ཨིན་ཟེར་ཨིན་པས།

འགྲུལ་སྐྱེལ་བཱསི་གི་ ཞབས་ཏོག་སྤྱོད་མི་ཚུ་གི་དོན་ལུ་ བཱསི་འགྲོ་འགྲུལ་འབད་སའི་ རྒྱུན་ལམ་ཚུ་ འགྲུལ་འཕྲིན་ནང་ལས་ ཐོབ་སྤྱོད་ཡོདཔ་བཟོ་ནི་ཨིན་པས།

དེ་ཡང་ བུཚ་༢ ཀྱིས་ བཟོ་ཡོདཔ་ད་ བཱསི་ནང་འཛུལ་ཞིནམ་ལས་ འགྲུལ་འཕྲིན་ནང་སྦེ་ དགའ་སྐྱིད་རའེཌ་ཨེཔ་ལག་ལེག་ཐོག་ལས་ ས་གནས་ག་ཏེ་འགྱོ་ནི་ཨིན་ན་ རྒྱུན་ལམ་ཚུ་ ཤེས་ཚུགསཔ་མ་ཚད་ ག་ཏེ་གི་བཱསི་འོངམ་ཨིན་ན་ ག་ཏེ་འགྱོ་ནི་ཨིན་ན་ ག་ར་ཤེས་ཚུགས་ཟེར་ ཁོ་གིས་བཤད་ཅི།

བཱསི་གསརཔ་གི་དོན་ལུ་ དེད་གཡོགཔ་༣༠ དགོཔ་ཡོདཔ་ལས་ ས་སྟོང་གསལ་བསྒྲགས་འབད་རུང་ ད་ལྟོ་ཚུན་ དེད་གཡོགཔ་༡༩ ལས་བརྒལ་ ཐོ་བཀོད་འབད་མ་ཚུགས་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *