ཐིམ་ཕུག་ཁྲོམ་སྡེ་ནང་ ཚོད་བསྲེ་བཙོང་ཁང་༣ བཟོ་སྐྲུན་འབད་ནི།

༉ ད་ལས་ཕར་ ཟླཝ་༤ དེ་ཅིག་གི་ཤུལ་ལས་ ཐིམ་ཕུག་ཁྲོམ་སྡེ་ནང་ ཚོད་བསྲེ་བཙོང་སའི་ ས་གོ་༣ གཞི་བཙུགས་འབད་ནི་ཨིན་མི་དེ་ཡང་ ཨོ་ལ་ཁ་དང་ ལྕང་བང་གྲུ་ དེ་ལས་ ཧེ་ཇོ་ལུ་ཨིན་པས།
ཚོད་བསྲེ་བཙོང་ཁང་ཚུ་གིས་ ས་གནས་ནང་སྡོད་མི་ཚུ་ ཚོད་བསྲེ་དང་ དགོས་མཁོ་ཅན་གྱི་ ཅ་ལ་ཚུ་ཉོ་བར་ ཐིམ་ཕུག་བརྒྱ་འཁོར་ཚོད་བསྲེ་ཁྲོམ་ཁར་ འགྱོ་མ་དགོ་ནི་དེ་གིས་ བྱ་སྟབས་བདེ་ནི་ཨིན་པས།
དེ་མ་ཚད་ བརྒྱ་འཁོར་ཚོད་བསྲེ་ཁྲོམ་ཁར་ སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་ཡོད་མི་དེ་ཡང་ གདོང་ལེན་འབད་ཚུགས་ནི་ཨིནམ་ད་ ད་རེས་ བདུན་མཐའི་ངལ་གསོ་སྐབས་ བརྒྱ་འཁོར་ཚོད་བསྲེ་ཁྲོམ་ཁར་ སྣུམ་འཁོར་བཞག་ས་མེད་པའི་ དཀའ་ངལ་ སྦོམ་སྦེ་ར་ ཐོན་དོ་ཡོདཔ་ཨིན་པས།
བརྒྱ་འཁོར་ཚོད་བསྲེ་ཁྲོམ་དེ་ རྒྱལ་ཁབ་ནང་ སྦོམ་ཤོས་ཅིག་ཨིནམ་ད་ ཁྲོམ་ཁར་ཚོད་བསྲེ་བཙོང་མི་དང་ ཉོ་མི་ཚུ་ སྤ་རོ་དང་ ཧཱ་ དབང་འདུས་ སྤུ་ན་ཁ་ རྩི་རང་ གསར་སྤང་ དེ་ལས་ ཆུ་ཁ་རྫོང་ཁག་ལ་སོགས་པ་ཚུ་ལས་ འོང་པའི་སྐབས་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་ སྦོམ་ཐོནམ་མས་ཟེར་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ སླབ་ཡོདཔ་ཨིན་པས།
ཚོད་བསྲེ་བཙོང་ཁང་དེ་ རྒྱ་གར་གཞུང་གིས་ གོང་འཕེལ་ཆུང་བའི་ ལས་རིམ་ཐོག་ལས་ དངུལ་ཀྲམ་ས་ཡ་༡༩.༧ དེ་ཅིག་ ཟད་འགྲོ་གཏང་སྟེ་ བཟོ་སྐྲུན་འབད་ནི་ཨིནམ་ད་ དེ་དང་གཅིག་ཁར་ ཤ་བཙོང་ཁང་དང་ མི་མང་གི་ གསང་སྤྱོད་༢ རེ་ རྐྱབ་ནི་ཨིན་མི་དེ་ ད་ལྟོ་ བཟོ་བའི་བསྒང་ཡོདཔ་ཨིན་པས།
ཚོད་བསྲེ་བཙོང་ཁང་ཚུ་ བཟོ་སྐྲུན་འབད་མི་དེ་གིས་ ཚོད་བསྲེ་བཙོང་མི་ཚུ་ ཉིམ་དང་ ཆརཔ་ནང་ དཀའཝ་སྤྱད་མ་དགོ་པར་ ཚོང་ལེགས་ཤོམ་སྦེ་ རྐྱབ་ཚུགས་ནི་ཨིནམ་ད་ ད་རེས་ ཨོ་ལ་ཁ་དང་ ལྕང་བང་གྲུ་ དེ་ལས་ ཧེ་ཇོ་ཚུ་ནང་ འཁོར་ལམ་བརྒྱུད་དེ་ ཚོད་བསྲེ་བཙོང་སྡོད་དོ་ཡོདཔ་ད་ དེའི་གྲས་ལས་ཡང་ མཐོ་ཤོས་ར་ ཨོ་ལོ་ཁ་ལུ་ མི་༢༡ དེ་ཅིག་གིས་ ལམ་བདའ་སྟེ་ ཚོང་བཙོང་སྡོད་དོ་ཡོདཔ་ཨིན་པས།
དེའི་གྲས་ལས་ སྐྱེས་ལོ་༣༦ ལང་མི་ ཚེ་རིང་སྒྲོལ་མ་གིས་ སླབ་མིའི་ནང་ ད་རེས་ ཚོད་བསྲེ་བཙོང་ཁང་ ལེགས་ཤོམ་མེདཔ་ལས་ ཆརཔ་རྐྱབ་པའི་སྐབས་ ཚོད་བསྲེ་མེདཔ་ ཐལ་དོ་ཡོདཔ་ལས་ ཁྲོམ་སྡེའི་ཧོངས་ལས་ དེ་བཟུམ་གྱི་ ཞབས་ཏོག་བྱིན་པ་ཅིན་ ཚོད་བསྲེ་མེདཔ་ཐལ་བའི་ དཀའ་ངལ་ཚུ་ གདོང་ལེན་འབད་ཚུགས་ནི་མས་ཟེར་ཨིན་པས།
ད་རུང་ ལམ་ཁར་ཚོད་བསྲེ་བཙོང་མི་ བསམ་གཏན་རྡོ་རྗེ་གིས་ སླབ་མིའི་ནང་ ཚོད་བསྲེ་བཙོང་ཁང་མེད་པའི་སྐབས་ ཚོད་བསྲེ་ཚུ་ ཉིམ་གིས་འཚིགས་ཏེ་ སྤུས་ཚད་མེདཔ་འགྱོ་ནི་དེ་གིས་ རིན་གོང་ཡང་ ལེགས་ཤོམ་མ་ཐོབ་པའི་ དཀའ་ངལ་ཡོད་མི་ཚུ་ ད་ལས་ཕར་ བསལ་ཚུགས་པའི་གོ་སྐབས་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
དེ་མ་ཚད་ ཐིམ་ཕུག་ཁྲོམ་སྡེ་གིས་ བར་སྦིས་ས་དང་ སེམས་རྟོགས་ཁ་ དེ་ལས་ རྟ་བབ་ལུ་ཡང་ ཚོད་བསྲེ་བཙོང་ཁང་རེ་ བཟོ་ནིའི་འཆར་གཞི་ ཡོདཔ་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *