༉ སྤྱི་ཟླ་༥ པའི་ཚེས་༩ ཚུན་ཚོད་ ཐིམ་ཕུག་ཁྲོམ་སྡེའི་ནང་ རྒྱུ་དངོས་འཆང་མི་ གཙུག་སྡེ་༩༨ དང་ ངོ་རྐྱང་༡,༦༦༠ གིས་ སྤྱི་ལོ་༢༠༡༧ ལོའི་ ཁྲལ་མ་བཏབ་པར་ བཞག་ཡོདཔ་ཨིན་པས།
ཁྲོམ་སྡེ་གིས་ ལོ་བསྟར་བཞིན་དུ་ ས་གནས་ཁག་༤ ལས་ ས་དང་སྒྲིང་ཁྱིམ་ ཕྱགས་སྙིགས་བསྡུ་བསྒྱོམ་ ཁྲོམ་ལམ་གྱི་གློག་མེ་སྤྱོད་འཐུས་ཚུ་ བསྡུ་ལེན་འབད་དོ་ཡོདཔ་ད་ སྤྱི་ཟླ་༥ པའི་ཚེས་༩ ཚུན་ ངོ་རྐྱང་བསྡོམས་༡,༦༦༠ གིས་ ཁྲལ་དངུལ་ཀྲམ་༨,༨༦༤,༡༢༡ མ་བཏབ་པར་ཡོདཔ་བཞིན་དུ་ ཁྲལ་བཏབ་དགོཔ་ཡང་ དངུལ་ཀྲམ་༡༩ ལས་༢༦༣,༥༨༡ ཚུན་ ཡོདཔ་ཨིན་པས།
ཁྲལ་སྤྲོད་དགོ་པའི་ དངུལ་འབོར་གུ་ ལོ་བསྟར་ཉེས་ཆད་ བརྒྱ་ཆ་༢༤ རྩིས་མ་རྐྱབ་པར་ གཙུག་སྡེ་༩༨ ཀྱིས་ ཁྲལ་བཏབ་དགོཔ་ དངུལ་ཀྲམ་༡༢,༥༥༢,༤༩༤ ཡོདཔ་ཨིན་པས།
གཙུག་སྡེ་ཚུ་གི་གྲས་ལས་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མ་གིས་ ས་ཚན་༢ ལུ་ ལོ་བསྟར་གྱི་ ས་ཁྲལ་དངུལ་ཀྲམ་༢,༢༣༣,༨༤༧ མ་བཏབ་པར་ཡོད་མི་དེ་ མཐོ་ཤོས་ཨིནམ་ད་ དེ་གི་ཤུལ་ལས་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ ས་ཚན་༢༡ ལུ་ ས་ཁྲལ་དངུལ་ཀྲམ་༡,༢༤༨,༤༩༣ མ་བཏབ་པས།
དེ་ལས་ མངོན་མཐོ་ཁྲིམས་འདུན་གྱིས་ ལོ་བསྟར་གྱི་ས་ཁྲལ་ དངུལ་ཀྲམ་༢༧༥,༧༦༣ དང་ འབྲུག་གི་གསོ་བའི་ཚན་རིག་གཙུག་སྡེ་གིས་ དངུལ་ཀྲམ་༢༦༩,༧༥༣ མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མ་གིས་ ཁྲལ་བཏབ་དགོཔ་ དངུལ་ཀྲམ་༢༤,༨༥༦ ཡོདཔ་ཨིན་པས།
མངོན་མཐོ་ཁྲིམས་འདུན་གྱི་ རྩོད་འཛིན་ཡོངས་ཁྱབ་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ད་ལྟོ་ ཁྲིམས་འདུན་གྱིས་ ས་ཁྲལ་མ་བཏབ་པར་ཡོད་མི་དེ་ ས་ཁྲམ་མ་ཐོབ་པར་ཡོད་མི་ལུ་བརྟེན་ཨིནམ་ད་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལས་ ས་ཁྲམ་ཐོབ་ཅིག་ར་ ཁྲལ་བཏབ་འོང་ཟེར་ བཤདཔ་ཨིན་པས།
མ་གཞི་ ངོ་རྐྱང་ག་ར་གིས་ ན་ཧིང་གི་ལོ་ནང་རྐྱངམ་གཅིག་ ཁྲལ་མ་བཏབ་པར་ཡོད་རུང་ གཙུག་སྡེ་མང་ཤོས་ཅིག་གིས་ སྤྱི་ལོ་༢༠༡༦ དང་༢༠༡༧ གྱི་ ཁྲལ་མ་བཏབ་པས།
ཐིམ་ཕུག་ཁྲོམ་སྡེའི་ བརྡ་དོན་འཕྲུལ་རིག་ཞབས་ཏོག་གི་འགོ་འཛིན་ ཨོ་མ་པ་ཏི་ ལུ་ཏེལ་གྱིས་ སླབ་མིའི་ནང་ ཁྲལ་མ་བཏབ་པར་བཞག་མི་ གཙུག་སྡེ་བརྒྱ་ཆ་༩༥ དེ་ཅིག་ཡོད་ཟེར་ཨིན་པས།
ཁྲལ་གྱི་སྲིད་བྱུས་༡༩༩༢ ཅན་མ་དང་འཁྲིལཝ་ད་ གལ་སྲིད་ ཁྲལ་མ་བཏབ་པ་ཅིན་ ལོ་བསྟར་བཞིན་དུ་ ཁྲལ་གྱི་དངུལ་འབོར་གུ་ ཉེས་ཆད་བརྒྱ་ཆ་༢༤ རེ་ ཕོགཔ་ཨིན་པས།
དེ་ལས་ ཁྲལ་བཏབ་ནིའི་ དུས་ཚོད་ཟླཝ་༡༢ འབྱིད་ཞིནམ་ལས་ ཚོང་འབྲེལ་དང་ ཞབས་ཏོག་ཆོག་ཐམ་ཚུ་ ཆ་མེད་གཏང་ནི་དང་ གཞུང་གི་ཞབས་ཏོག་ ཡང་ཅིན་ བཀོལ་སྤྱོད་མཐུན་རྐྱེན་ཚུ་ བཏོག་གཏང་ནི་ དེ་ལས་ ཁྲལ་བཏབ་མ་བཏུབ་མི་ཚུ་ རྩོད་དོན་དང་འཁྲིལ་ ཁྲིམས་ཀྱི་འདུན་སར་ གཏང་དགོཔ་སྦེ་ ཁྲལ་གྱི་སྲིད་བྱུས་ནང་ བཀོད་ཡོད་པའི་གནས་ཚུལ།