ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་དང་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག།

ཐིམ་ཕུག་ཁྲོམ་སྡེ་གིས་ ཀ་ཆེན་༤ ནང་ གྲུབ་འབྲས་ལེགས་ཐོན།

༉ ཐིམ་ཕུག་གི་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་གིས་ ཁ་ཙ་ གཞུང་སྐྱོང་མཆོག་འགྱུར་གྱི་ ཆིངས་ཡིག་གུ་ མིང་རྟགས་མ་བཀོད་པའི་ཧེ་མ་ རྩིས་ལོ་༢༠༡༦-༡༧ གྱི་ གྲུབ་འབྲས་ཚུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་༤ གི་ཐོག་ལས་ གསལ་བཤད་ཕུལ་ཡི།
ཁྲོམ་དཔོན་གྱིས་འབདབ་ཅིན་ དེ་བཟུམ་མའི་ ལས་འབྲེལ་གྱི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ནི་གི་ལམ་ལུགས་ བཟོ་ཞིནམ་ལས་ཚུར་ ཧེ་མ་ ལཱ་འབདཝ་ད་ སྟབས་མ་བདེཝ་ཡོད་མི་ཚུ་ སེལ་ཚུགས་ཏེ་ཡོདཔ་མ་ཚད་ ལཱ་གི་གྲུབ་འབྲས་ཡང་སྦོམ་སྦེ་ ཐོན་ཚུགས་ཅི་ཟེར་ཨིན་པས།
ཀ་ཆེན་དང་པ་ མཐའ་འཁོར་གནས་སྟངས་ཉམས་སྲུང་གི་དོན་ལུ་ ཁྲོམ་སྡེ་གིས་ ཕྱགས་སྙིགས་འཛིན་སྐྱོང་གི་ལཱ་ཚུ་ རྩ་འགེངས་འབད་བའི་ཤུལ་ལུ་ བར་ན་ལས་ སྟབས་མ་བདེཝ་འདུག་ཟེར་མནོ་སྟེ སྒེར་གྱི་ལས་སྡེ་གཅིག་ལུ་ རྩིས་སྤྲོད་འབདཝ་བཞིན་དུ་ ཕྱགས་སྙིགས་ཕྱི་སེལ་རྐྱབ་སྟེ་ མེ་མེ་ལ་ཁར་ བསྐྱལ་ནི་དེ་ མཐར་འཁྱོལ་བྱུང་སྟེ་ཡོད་ཟེར་ ཁྲོམ་དཔོན་གྱིས་་ཞུ་ཡི།
སྒེར་སྡེའི་ཁ་ཐུག་ལས་ ཟླཝ་རེ་ནང་ རུལ་བཏུབ་པའི་ ཕྱགས་སྙིགས་ཊཱག་༡༠༠ དེ་རེ་ བསྐྱལ་དོ་ཡོདཔ་ད་ ཐིམ་ཕུག་གསར་སྦིས་ཐང་ལུ་ ལུད་བཟོ་ནི་གི་ འཕྲུལ་ཆས་ཀྱི་ དཀའ་ངལ་ཐོན་པའི་ཤུལ་ལུ་ ཕྱགས་སྙིགས་ཚུ་ མེ་མེ་ལ་ཁར་ བསྐྱལ་དོ་ཡོད་རུང་ ཐིམ་ཕུག་སྔགས་པའི་རོང་ཆུ་གི་ སྦོ་ལོགས་ཁར་ ཕྱགས་སྙིགས་ཕྱི་སེལ་གྱི་ ལས་འགུལ་དེ་ ཟླཝ་༡ དང་༢ དེ་ཅིག་གི་ ནང་འཁོད་ལུ་ མཇུག་བསྡུ་ཚུགས་ནི་ཨིནམ་ལས་ དེ་གིས་ཡང་ སྟབས་མ་བདེཝ་ཚུ་ སེལ་ཚུགས་ཟེར་ཨིན་པས།
ད་ལྟོ་ཚུན་ཚོད་ བཙོག་ཆུའི་དཀའ་ངལ་ཚུ་ བྱུང་སྟེ་ཡོདཔ་ཨིན་རུང་ འཛམ་གླིང་དངུལ་ཁང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ གླང་རྒྱུག་ཕར་ཁ་ལུ་ བཙོག་ཆུ་ལེགས་བཅོས་ཁང་ཅིག་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་དེ་ཡང་ འཕྲལམགྱོགས་ར་ མཇུག་བསྡུ་ནི་ཨིནམ་ལས་ དེ་གིས་ བཙོག་ཆུའི་དཀའ་ངལ་སེལ་ཚུགས་ནི་ཨིནམ་མ་ཚད་ བར་སྦིས་ས་ལུ་ཡང་ རྒྱ་གར་གཞུང་གི་ རྒྱབ་སྐྱོར་ཐོག་ལས་ བཙོག་ཆུ་ལེགས་བཅོས་ཁང་ བཟོ་སྐྲུན་འབད་མི་དེ་ ལོ་༢ དེ་ཅིག་ནང་ བསྒྲུབ་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ ས་གནས་སྔོ་ལྗང་དང་ལྡནམ་སྦེ་ བཟོ་ནི་གི་ དམིགས་ཡུལ་དེ་ འགྲུབ་ནི་གི་དོན་ལུ་ མགྱོགས་ལམ་བདའ་སྟེ་ མེ་ཏོག་བཙུགས་ཡོདཔ་མ་ཚད་ གཞུང་ས་སྟོངམ་ཡོད་མི་ཚུ་ནང་ཡང་ ལྡུམ་ར་ཆུང་ཀུ་བཟོ་སྟེ་ མེ་ཏོག་ཚུ་ བཙུགས་ནི་དེ་ མཐར་འཁྱོལ་བྱུང་སྟེ་ཡོད་ཟེར་ཨིན་པས།
ཀ་ཆེན་གཉིས་པ་ ཡུན་བརྟན་གོང་ཕེལ་གྱི་ཐད་ཁར་ ཁྲོམ་སྡེའི་ཁ་ཐུག་ལས་ མི་ལམ་ཀི་ལོ་མི་ཊར་༢ གསརཔ་སེལ་ཡོདཔ་མ་ཚད་ ལམ་གསརཔ་ཀི་ལོ་མི་ཊར་༣ བཏོན་པའི་ཁར་ མི་ལམ་ཀི་ལོ་མི་ཊར་༡༥ ཉམས་བཅོས་འབད་ཡོད་ཡི་ཟེར་ ཁྲོམ་དཔོན་གྱིས་ཞུ་ཡི།
དེ་ལས་ མི་མང་ཡོངས་ལུ་ འཐུང་ཆུ་ལངམ་སྦེ་ བཀྲམ་སྤེལ་འབད་ནི་གི་དོན་ལུ་ བོད་སྒར་ནང་ལས་ འཐུང་ཆུ་འཐེན་ནི་གི་ ལས་འགུལ་འགོ་བཙུགས་ཏེ་ཡོད་མི་དེ་ དུས་ཅི་ ལོ་མཇུག་བསྡུ་ཁམས་ཅིག་ཁར་ མཇུག་བསྡུ་ནི་གི་ རེ་བ་ཡོད་ཟེར་ཨིན་པས།
ཁྲོམ་ཁར་ སྣུམ་འཁོར་བཞག་སའི་ ས་ཁོངས་ལངམ་མེད་པའི་ དཀའ་ངལ་སེལ་ནིའི་དོན་ལུ་ ཁྲོམ་སྡེ་ཡིག་ཚང་གི་ ཉེ་འདབས་ལུ་ཐོག་ཚད་༥ འབད་མི་ སྣུམ་འཁོར་བཞག་ས་དེ་ཡང་ སྒྲུབ་རན་ཁར་ ལྷོད་དེ་ཡོད་ཟེར་ཨིན་པས།
ཁྲོམ་ཁར་ སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་སེལ་ཐབས་ལུ་ ལུང་བསྟན་ཟམ་པ་དང་ དབྱངས་ཅན་ཕུག་གི་ སློབ་ཕྲུག་ཚུ་གི་དོན་ལུ་ མི་མང་འགྲུལ་འཁོར་བཱསི་གི་ ཞབས་ཏོག་ཚུ་ བྱིན་དོ་བཟུམ་སྦེ་ སློབ་གྲྭ་གཞན་ཚུ་ནང་ཡང་དགོཔ་སྦེ་ གྲོས་འདེབས་ལྷོད་ཡོདཔ་ལས་ སང་ཕོད་ཀྱི་ལོ་ནང་ གཞུང་གི་རྒྱབ་སྐྱོར་ཐོག་ལས་ འགྲུལ་འཁོར་བཱསི་༤༠ དེ་ཅིག་ གནང་ཚུགས་པ་ཅིན་ དེ་གིས་་སློབ་ཕྲུག་ཡོངས་ལུ་ ཞབས་ཏོག་བྱིན་ཚུགས་ནི་མས་ཟེར་ ཁྲོམ་དཔོན་གྱིས་ ཞུ་ཡི།
ད་རུང་ ན་གཞོན་ཚུ་གི་དོན་ལུ་ རྩེདམོ་རྩེ་སའི་གླིང་ག་ཚུ་ཡང་ ག་དེ་མང་མང་ གཞི་བཙུགས་འབད་ནིའི་ནང་ བརྩོན་ཤུགས་བསྐྱེད་དོ་ཟེར་ཨིན་པས།
ཀ་ཆེན་གསུམ་པ་ ལམ་ལུགས་སྲོལ་གྱི་ཐད་ཁར་ ཁྲོམ་ཡར་རྒྱས་འགྱོ་མི་དང་འཁྲིལ་ ན་གཞོན་མང་རབས་ཅིག་གིས་ སྨྱོ་རྫས་ནང་ ཤུགས་ཐལ་དོ་ཡོདཔ་ལས་ ཁོང་གི་དཀའ་ངལ་ཚུ་ སེལ་ཐབས་ལུ་ ལྕང་གླིང་མི་ཐང་ བརྒྱ་འཁོར་གླིང་ཀའི་ ཟ་ཁང་དེ་ཡང་ ན་གཞོན་ཚུ་ལུ་ རྩིས་སྤྲོད་འབད་ཡོདཔ་མ་ཚད་ འདོད་བུམ་ལམ་ཁར་ ས་འོག་གི་ ལམ་བདའ་ཡོད་མི་གི་ ཟ་ཁང་དེ་ཡང་ ཁོང་ལུ་རྩིས་སྤྲོད་འབད་ཡི་ཟེར་ཨིན་པས།
དེ་ལས་ མི་སེར་གཅིག་གིས་གཅིག་ལུ་ ཆ་རོགས་འབད་ནི་གི་ ལམ་ལུགས་དེ་ ཉམས་འགྱོ་དོ་ཡོདཔ་ལས་ དེ་ཚུ་ ཉམས་པ་སོར་ཆུད་ཀྱི་དོན་ལུ་ མི་སྡེ་ཚོགས་པ་ཅིག་ གཞི་བཙུགས་འབད་ཡོདཔ་ད་ ཁོང་ལུ་ ཐོབ་ཐངས་ག་ཅི་ཡང་མེད་དེ་འབད་རུང་ བཀྲ་མ་ཤིསཔ་ཚུ་གིས་ ལཱ་ངན་ག་ཅི་བཟུམ་འབད་དོ་ཡོདཔ་ཨིན་ན་ཚུ་ ཁྲོམ་སྡེ་ལུ་ སྙན་ཞུ་འབདཝ་ཨིན་ཟེར་ཨིན་པས།
ཀ་ཆེན་༤ པ་ གཞུང་སྐྱོང་ལེགས་ལྡན་ནང་ གཞུང་ལས་མི་སེར་ཟེར་བའི་ ཞབས་ཏོག་ཚུ་ འགོ་བཙུགས་ཡོད་པའི་ཤུལ་ལུ་ དུས་ཡུན་ཐུང་ཀུ་ཅིག་ནང་ མི་སེར་ལུ་ ཞབས་ཏོག་སྤྲོད་ཚུགས་པའི་ ཁེ་ཕན་ཡོདཔ་ད ས་ཁྲལ་དང་ ཆུའི་སྤྱོད་འཐུས་ཚུ་ཡང་ ཡོངས་འབྲེལ་གྱི་ཐོག་ལས་ བཏབ་བཏུབ་སྦེ་ བཟོ་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ ཁྲོམ་སྡེའི་ཐད་ཁར་ གོང་འཕེལ་གྱི་ གྲུབ་འབྲས་ཚུ་ ལེགས་ཤོམ་སྦེ་ བྱུང་ཡོདཔ་ལས་ རྩིས་ལོ་༢༠༡༧-༡༨ ནང་ཡང་ འདས་པའི་ལོ་ཚུ་ནང་བཟུམ་སྦེ་ ལེགས་ཤོམ་འགྱོ་ནི་ལུ་ དམིགས་གཏད་བསྐྱེད་དོ་ཟེར་ ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *