ཐིམ་ཕུག་མུ་གཏི་ཐང་ལུ་ མེ་རླུང་སོར་ནིའི་དོན་ལས་ གྱལ་བཙར་སྡོད་པའི་བསྒང་།

ཐིམ་ཕུག་ཁྲོམ་ནང་སྡོད་མི་ཚུ་ལུ་ གོང་ཚད་ཕབ་ཆག་མེད་པའི་ མེ་རླུང་རྒྱ་རྫི་ཉོ་དགོ་པའི་ གསོལ་འདེབས།

༉ མེ་རླུང་རྒྱ་རྫི་མ་ལང་པའི་ དཀའ་ངལ་སེལ་ཐབས་ལུ་ བསྟན་རྒྱས་ལྷན་ཁག་གིས་ དུས་ཅི་ སྤྱི་ཟླ་༢ པའི་ཚེས་༩ ལས་ གོང་ཚད་ཕབ་ཆག་མེད་མི་ མེ་རླུང་རྒྱ་རྫི་བཙོང་ནི་ འགོ་བཙུགས་ཡོད་རུང་ དང་འདོད་བསྐྱེད་མི་དེ་ཅིག་ མི་འཐོན་དོ་ཡོདཔ་ཨིན་པས།
གནད་དོན་དེ་ལུ་ ཁ་ཙ་ བརྡ་བརྒྱུད་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཐིམ་ཕུག་ཁྲོམ་ནང་སྡོད་མི་ཚུ་ལུ་ གོང་ཚད་ཕབ་ཆག་མེད་པའི་ མེ་རླུང་རྒྱ་རྫི་ ཉོ་བཅུག་ནིའི་དོན་ལུ་ ཞུཝ་བཞིན་དུ་ཡོད་ཟེར་ ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ ཁྲོམ་ནང་སྡོད་མི་ཚུ་གིས་ གོང་ཚད་ཕབ་ཆག་མེད་མི་ མེ་རླུང་རྒྱ་རྫི་ཉོ་བའི་སྐབས་ དངུལ་ཀྲམ་༢༠༠ ལྷགཔ་ཅིག་ ཐེབས་སྤྲོད་དགོ་ནི་དེ་གིས་ ལཱ་ཁག་ཡོད་རུང་ མི་གི་སེམས་བསྒྱུར་བཅོས་འབད་ནི་དེ་ ཁག་ཆེ་བས་ཟེར་གསུངས་ཡི།
བློན་ཆེན་གྱིས་ ཁྲོམ་ནང་སྡོད་མི་ཚུ་གིས་ དངུལ་ཀྲམ་༢༠༠ ཐེབས་སྤྲོད་དེ་ ཕབ་ཆག་མེད་པའི་ མེ་རླུང་ཉོ་བ་ཅིན་ ཕབ་ཆག་ཡོད་པའི་ མེ་རླུང་ཚུ་ གྲོང་གསེབ་ནང་སྡོད་མི་ མི་སེར་ཚུ་གིས་ འཐོབ་ཚུགས་ནི་ཨིནམ་ལས་ དེ་གིས་ ཕན་པ་སྦོམ་བཟོ་ཚུགས་ཟེར་གསུངས་ཡི།
བློན་ཆེན་གྱིས་ གོང་ཚད་ཕབ་ཆག་མེད་མི་ཚུ་ ཉོ་འདོད་ཡོད་མི་ཚུ་ལུ་ བཀྲམ་སྤེལ་ཚུ་ གོང་ཚད་ཕབ་ཆག་ཡོད་མི་ཚུ་བཟུམ་སྦེ་ བཀྲམ་སྤེལ་མི་འཐོབ་ནིའི་ ཚ་གྱང་ཡོདཔ་ལས་ བཀྲམ་སྤེལ་འབད་མི་ཚུ་གིས་ སྤུས་ཚད་ཅན་གྱི་མེ་རླུང་རྒྱ་རྫི་ཚུ་ བཀྲམ་སྤེལ་འབད་དགོ་ཟེར་གསུངས་ཡི།
བསྟན་རྒྱས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ མེ་རླུང་རྒྱ་རྫི་ཁག་༣ ཡོད་མི་ཚུ་ཡང་ གོང་ཚད་ཕབ་ཆག་འབད་མི་དང་ ཕབ་ཆག་མེད་མི་༢ ཀྱི་ལྗིད་ཚད་དེ་ ཀེ་ཇི་༡༤.༢ རེ་ཨིན་རུང་ གོང་ཚད་ལུ་ཁྱད་པར་ཡོད་པའི་ཁར་ ཚོང་འབྲེལ་དོན་ལུ་ ལྗིད་ཚད་ཀེ་ཇི་༡༩ འབད་མི་རྒྱ་རྫི་ཚུ་ ཡོད་ཟེར་ཨིན་པས།
གོང་ཚད་ཕབ་ཆག་ཡོད་མི་ མེ་རླུང་ཚུ་ རྒྱ་གར་གཞུང་ལས་ ཟླ་རིམ་བཞིན་དུ་ མེ་ཊིག་ཊཱོན་༧༠༠ ཐོབ་མི་དེ་ ནུབ་ཕྱོགས་རྫོང་ཁག་ཚུ་གི་དོན་ལུ་ མེ་ཊིག་ཊཱོན་༥༠༠ དང་ ལྷག་ལུས་ཚུ་ ཤར་ཕྱོགས་དང་ དབུས་ཕྱོགས་རྫོང་ཁག་ཚུ་ནང་ བཏང་དོ་ཟེར་ཨིན་པས།
ཨིན་རུང་ མེ་རླུང་མ་ལང་པའི་ དཀའ་ངལ་ཡོདཔ་ལས་ གཞུང་གིས་ རྒྱ་གར་གཞུང་དང་འབྲེལ་བ་འཐབ་སྟེ་ མ་འོངས་ཡུན་བརྟན་ལུ་ལྟ་སྟེ་ ཟླཝ་རེ་ལུ་ གོང་ཚད་ཕབ་ཆག་མེད་མི་ མེ་རླུང་མེ་ཊིག་ཊཱོན་༡,༠༠༠ ཐེབས་བྱིན་ཏེ་ཡོད་རུང་ ལེན་མི་གངམ་ མིན་འདུག་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ ལྷན་ཁག་གིས་ ཡིག་ཚང་ཚུ་ནང་ལས་ཕར་ ཕབ་ཆག་མེད་པའི་ མེ་རླུང་རྒྱ་རྫི་ཚུ་ སོར་དགོ་པའི་སྐོར་ལས་ ཡི་གུ་ཚུ་བཏང་ཡོད་པའི་ཁར་ ཁྲིམས་སྲུང་འགག་སྡེ་དང་ སྐུ་སྲུང་ལས་ གོང་ཚད་ཕབ་ཆགས་མེད་པའི་ མེ་རླུང་རྒྱ་རྫི་༢,༠༠༠ དེ་ཅིག་ སོར་འབག་ཡི་ཟེར་ཨིན་པས།
ད་ཚུན་ དར་དཀར་ནང་དང་ གཞལམ་སྒང་ ལྷུན་རྩེ་ ཆུ་ཁ་ བསམ་རྩེ་ དེ་ལས་ མོང་སྒར་རྫོང་ཁག་གི་ གྲོང་གསེབ་ཚུ་ནང་ བཀྲམ་སྤེལ་འབད་ཚར་ཡོད་རུང་ ད་རུང་ དགོཔ་ཡོདཔ་ལས་ གོང་ཚད་ཕབ་ཆག་འབད་མི་ཚུ་ དགོཔ་ཡོད་ཟེར་ བསྟན་རྒྱས་བློན་པོ་གིས་བཤད་པའི་ཁར་ གོང་ཚད་ཕབ་ཆག་འབད་མི་དེ་གིས་ གྲོང་གསེབ་ནང་སྡོད་མི་ ཨམ་སྲུ་དང་ ཨ་ལོ་ཚུ་ལུ་ ཕན་ཐོགས་སྦོམ་ཡོད་ཟེར་བཤད་ཅི།
བློན་པོ་གིས་ སླབ་མིའི་ནང་ ལྷན་ཁག་གི་ ལས་བྱེདཔ་ཚུ་ལུ་ཡང་ གོང་ཚད་ཕབ་ཆག་མེད་མི་ མེ་རླུང་རྒྱ་རྫི་སོར་དགོཔ་སྦེ་ སླབ་ཡོདཔ་བཞིན་དུ་ མང་ཤོས་ཀྱིས་ ལེན་ཏེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *