ཐིམ་ཕག་ལུ་ བྷུ་ཊཱན་རྟེན་འབྲེལ་ཚོགས་པའི་ ཡོངས་ཁྱབ་ཞལ་འཛོམས་ཐེངས་དང་པ་ འགོ་འདྲེན་འཐབ་ཡོདཔ།

༉ ཁ་ཙ་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་གིས་ ཚོགས་པའི་ཡོངས་ཁྱབ་ཞལ་འཛོམས་ ཐེངས་དང་པ་ འཚོགསཔ་དང་འབྲེལ་ འདེམས་ངོ་༤ གསལ་སྟོན་འབད་ཡོད་པའི་ཁར་ ཧེ་མར་ གསལ་སྟོན་འབད་མི་ འདེམས་ངོ་༡༧ གྱི་ ངོ་སྤྲོད་ཚུ་འབད་ཡི།
ཞལ་འཛོམས་དེ་ཡང་ ཐིམ་ཕུག་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ནང་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ དེ་བསྒང་ ཚོགས་པའི་ཡོངས་འབྲེལ་འཆར་སྒོ་ཡང་ འགོ་འབྱེད་འབད་བའི་ཁར་ རྒྱལ་ཡོངས་དང་ རྫོང་ཁག་རྒྱབ་སྐྱོར་པ་ཚུ་ལུ་ གསལ་སྟོན་འབད་ཐོག་ལས་ རྒྱབ་སྐྱོར་པ་དང་ འདེམས་ངོ་ཚུ་ལུ་ ཚོགས་པའི་གཙོ་འཛིན་གྱིས་ ཁ་དར་བྱིན་ཡི།
ཚོགས་པ་གིས་ སྐྱེས་ལོ་༥༠ ལང་མི་ པར་ཀཱཤ་ཤར་མ་དེ་ དར་དཀར་ནང་ ལྷ་མོའི་རྫིང་ཁ་-བཀྲིས་སྡིངས་འདེམས་ཁོངས་ཀྱིས་ འདེམས་ངོ་སྦེ་ གསལ་སྟོན་འབད་ཡོདཔ་ད་ ཁོ་ལུ་ ཞི་གཡོག་ནང་ འཆར་གཞི་འགོ་དཔོན་སྦེ་ ལོ་༨ དང་ སྒེར་སྡེའི་ནང་ ལོ་༡༨ ཀྱི་ ལཱ་གི་ཉམས་མྱོང་ཡོདཔ་ད་ ཁོ་ར་ སྲིད་དོན་ནང་ བཅའ་མར་མ་གཏོགས་པའི་ཧེ་མར་ ཚོང་འབྲེལ་འཐབ་སྡོད་ཡོདཔ་ཨིན་པས།
གཡུས་ལྷ་མོའི་རྫིང་ཁ་ལས་ཨིན་མི་ པར་ཀཱཤ་ཤར་མ་ལུ་ རྒྱ་གར་ མ་ད་རཱསི་གཙུག་ལག་སློབ་སྡེ་ལས་ གཙུག་ལག་གཞི་རིམ་གྱི་ ཤེས་ཡོན་སྦྱང་ཡོདཔ་ཨིན་པས།
བྷུ་ཊཱན་རྟེན་འབྲེལ་ཚོགས་པའི་ ངང་ལམ་འདེམས་ཁོངས་ཀྱི་ འདེམས་ངོ་དེ་ བླམ་དྲག་དབང་འདུས་ཨིནམ་ད་ ཁོ་ར་ སྲིད་དོན་ནང་ འཛུལ་ཞུགས་མ་འབད་བའི་ཧེ་མར་ ཇོ་མོ་གཙང་ཁ་དྲུང་པ་སྦེ་ ཕྱག་ཞུ་ནུག།
ཁོ་གིས་ སྤྱི་ལོ་༡༩༩༥ ལས་ ཞི་གཡོག་ནང་ སློབ་དཔོན་སྦེ་ འཛུལ་ཞུགས་འབད་བའི་ཤུལ་ལས་ དབུ་འཛིན་དང་ རྫོང་ཁག་ཤེས་རིག་འགོ་དཔོན་སྦེ་ དེ་ལས་ ལྷུན་རྩེ་རྫོང་རབ་འབད་དེ་ ལོ་༢༨ ཀྱི་ ལཱ་གི་ཉམས་མྱོང་ ཡོདཔ་ཨིན་པས།
སྐྱེས་ལོ་༥༣ ལང་མི་ བླམ་དྲག་དབང་འདུས་དེ་ ནོར་བུ་སྒང་ལས་ཨིནམ་ད་ ཁོ་ལུ་ ཀེ་ནེ་ཌ་ལས་ ཤེས་རིག་ནང་ གཙུག་ལག་གོང་མའི་ ཤེས་ཡོན་ཡོདཔ་ཨིན་པས།
ཁ་ཙ་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་གིས་ སྦི་སྡིང་ཕུག་ལས་ སྐྱེས་ལོ་༥༠ ལང་མི་ དམ་ཆོས་བསྟན་འཛིན་དེ་ ཁྲིམས་ཤིང་-རྐང་པ་ར་ འདེམས་ཁོངས་ཀྱི་ འདེམས་ངོ་སྦེ་ གསལ་སྟོན་འབད་ཡོདཔ་ད་ ཁོ་གིས་ སྲིད་དོན་ནང་ འཛུལ་ཞུགས་མ་འབད་བའི་ཧེ་མར་ རྒྱལ་གཞུང་དངུལ་ལས་དབང་འཛིན་ནང་ ཡོངས་ཁྱབ་རྩོད་ཚབ་སྦེ་ ཕྱག་ཞུ་ནུག།
ཁོ་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ ཁྲིམས་དོན་གཙོ་འཛིན་དང་ འབྲུག་གི་དངུལ་ཁང་ནང་ ཁྲིམས་དོན་གྲོས་སྟོན་པ་གཙོ་འཛིན་ དེ་ལས་ རྒྱལ་ཡོངས་ཟུར་ཕོགས་དང་འཚོ་རྟེན་དངུལ་ནང་ ཡོངས་ཁྱབ་རྩོད་ཚབ་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་ཚུ་ཡོདཔ་ཨིན་པས།
བུམོ་༤ གི་ཨ་པ་གིས་ ཨིང་སྐད་ཆོས་ཚན་ནང་ གཙུག་ལག་གཞི་རིམ་ཤེས་ཡོན་དེ་ བཀའ་ལུང་ ཤེས་རབ་རྩེ་ལས་ མཐར་འཁྱོལ་ཡོདཔ་ད་ ཁྲིམས་དོན་ནང་ གཙུག་ལག་གོང་མའི་ཤེས་ཡོན་དེ་ ཡུ་ཨེསི་ཨེ་ ཀེ་ལི་ཕོ་ནི་ཡང་ལས་ སྦྱང་ཡོདཔ་ཨིན་པས
དེ་བཟུམ་སྦེ་ བྷུ་ཊཱན་རྟེན་འབྲེལ་ཚོགས་པའི་ རྩི་རང་ དཀྱིལ་འཁོར་ཐང་- མནྜལ་སྒང་འདེམས་ཁོངས་ཀྱི་ འདེམས་ངོ་དེ་ བཱན་བྷ་དུར་ ཏ་མང་ཨིནམ་ད་ ཁོ་གིས་ སློབ་དཔོན་སྦེ་ ལོ་༡༡ དང་ དབུ་འཛིན་སྦེ་ ལོ་༡༤ འབདཝ་ད་ ཤེས་རིག་ནང་ ལོ་༢༥ དེ་གི་ ལཱ་གི་ཉམས་མྱོང་ཚུ་ཡོདཔ་ཨིན་པས།
ཁོ་གིས་ ཚོགས་པའི་འཛུལ་བཞུགས་ མ་འབད་བའི་ཧེ་མར་ ཐིམ་ཕུག་ ལྕང་རིག་འཕེལ་སློབ་གྲྭ་ཆུང་བའི་ནང་ དབུ་འཛིན་སྦེ་ ཕྱག་ཞུ་ཡོདཔ་ད་ ཁོ་ར་ བར་གཤོང་རྒེད་འོག་ལས་ཨིན་པས།
ཁོ་གིས་ ཤེས་རིག་ནང་ གཙུག་ལག་གཞི་རིམ་དེ་ སྤ་རོ་ཤེས་རིག་སྤེལ་ཁང་དང་ ཤེས་རིག་ནང་ གཙུག་ལག་གོང་མའི་ཤེས་ཡོན་དེ་ ཐའི་ལེནཊ་ མ་ཧི་ཌཱོལ་གཙུག་ལག་སློབ་སྡེ་ལས་ མཐར་འཁྱོལ་ཡོདཔ་ཨིན་པས།
ཞལ་འཛོམས་སྐབས་ གཙོ་འཛིན་དྲགོས་པདྨ་ཚེ་དབང་གིས་ སླབ་མིའི་ནང་ གཙོ་འཛིན་དྲགོས་པདྨ་ཚེ་དབང་གིས་ སླབ་མིའི་ནང་ ད་རེས་ ག་ཅི་འབད་རུང་ མགྱོགས་དྲགས་འབད་དགོ་པའི་ དུས་ཚོད་ལུ་ ལྷོད་དེ་ཡོད་པའི་ཁར་ མི་སེར་ཚུ་གི་ རྒྱུད་ལུ་ཡོད་པའི་ལྕོགས་གྲུབ་ཚུ་ ཕྱི་ཁར་བཏོན་ཏེ་ རྒྱལ་སྤྱིའི་གནས་ཚད་ལུ་ དོ་འགྲན་ཅན་ཅིག་སྦེ་ བཟོ་ཐབས་ལུ་ ས་གོ་གསརཔ་ཚུ་ འཚོལ་ཞིབ་འབད་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་སེར་ཚུ་ལུ་ གདམ་ཁ་དང་ གོ་སྐབས་བྱིན་ནིའི་དོན་ལུ་ སྲིད་ཚོགས་གཞི་བཙུགས་འབད་ཡི་ཟེར་ཨིནམ་ད་ རྒྱལ་ཁབ་ནང་ དཔལ་འབྱོར་དང་འབྲེལ་བའི་ སྟབས་མ་བདེཝ་དང་ ན་གཞོན་ཚུ་ལུ་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་གྱི་ གནས་སྟངས་ནང་ ཤེས་མི་ཚུ་གིས་ ཕྱག་མ་ཞུ་བ་ཅིག་ ག་གིས་འབད་ནི་ཨིན་ན་ཟེར་ མནོ་བསམ་གཏང་སྟེ་ ལཱ་གཡོག་ནང་ལས་ དགོངས་ཞུ་འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ མི་ཚུ་ཁྲོམ་ཁར་ལས་ སྤོ་བཤུད་འབད་དེ་ གུང་སྟོང་གི་ དཀའ་ངལ་ཐོན་ཡོདཔ་བཞིན་དུ་ འགྲོས་ཀྱིས་བཏང་ གཡུས་སྟོང་དང་ མ་འོངས་པ་ལུ་ ག་ར་ ཕྱིའི་རྒྱལ་ཁབ་ནང་ འགྱོ་བའི་སྐབས་ རྒྱལ་ཁབ་སྟོངམ་ཐོན་ནི་ ཉེན་ཁ་འདུག་ཟེར་ཨིན་པས།
སྲིད་དོན་ནང་ལས་ ག་གིས་རྒྱལ་ཁ་ཐོབ་རུང་ འགན་ཁུར་ཁོང་ར་ རྐྱངམ་གཅིག་འབག་ནི་མེན་པར་ མི་སེར་རེ་རེ་བཞིན་དུ་གི་ མནོ་བསམ་གཅིག་ཁར་གཏང་ཞིནམ་ལས་ རང་དོན་ལུ་མེན་པར་ རྒྱལ་ཁབ་ཀྱི་དོན་ལས་ མཉམ་རུབ་ཐོག་ལས་ ཕྱག་ཞུ་ནི་གི་ དུས་ཚོད་ཁར་ ལྷོད་སོ་ནུག་ཟེར་ གཙོ་འཛིན་པདྨ་ཚེ་དབང་གིས་ བཤད་ཅི།
ཚོགས་པའི་གཙོ་འཛིན་ དྲགོས་པདྨ་ཚེ་དབང་གིས་ སླབ་མིའི་ནང་ རྫོང་ཁག་ཚུ་ནང་ གོམས་འདྲིས་ལྟ་སྐོར་ མཐར་འཁྱོལ་ཅན་ཅིག་སྦེ་ བྱུང་ཡོདཔ་བཞིན་དུ་ མི་སེར་ཚུ་ལས་འབད་རུང་ རྒྱབ་སྐྱོར་ལེགས་ཤོམ་ཐོབ་ཡོདཔ་བཞིན་དུ་ ས་གནས་གཞུང་གི་ སྟབས་མ་བདེཝ་ཚུ་གི་སྐོར་ལས་ཡང་ མི་སེར་ཚུ་གིས་ བཤད་དེས་ཟེར་ཨིན་པས།
བྷུ་ཊཱན་རྟེན་འབྲེལ་ཚོགས་པ་གིས་ ད་རེས་ རྫོང་ཁག་༡༥ ནང་ ལྟ་སྐོར་འབད་ཚར་ཡོདཔ་ལས་ ཚོགས་པ་གིས་ ལྟ་སྐོར་དེ་ འཕྲོ་མཐུད་དེ་ རྒྱལ་ཡོངས་ཚོགས་སྡེ་གི་ བཙག་འཐུ་མཇུག་བསྡུ་བའི་ཤུལ་ལས་ འབད་ནི་ལས་རིམ་ ཡོདཔ་ཨིན་པས།
ཞལ་འཛོམས་སྐབས་ ཚོགས་པའི་གཙོ་འཛིན་ དྲགོས་པདྨ་ཚེ་དབང་གིས་ ཚོགས་པའི་མིང་དང་ ལྟ་བ་དང་ ལས་རྟགས་སྐོར་ལས་ གསལ་བཤད་ཡོདཔ་བཞིན་དུ་ ཞལ་འཛོམས་ནང་ ཚོགས་པའི་འཐུས་མི་དང་ རྒྱབ་སྐྱོར་པ་བརྩིས་ཏེ་ མི་༢༠༠ ལྷགཔ་ཅིག་ གྲལ་གཏོགས་འབད་ཡོདཔ་ཨིན་པས།


ཚོགས་པའི་ལས་རྟགས་ གླངམོ་ཆེ་བཞག་དགོ་མི་དེ་ཡང་ སྟོབས་ཤུགས་དང་ ཁྱད་ཆོས་ དེ་ལས་ བརྟན་ཏོག་ཏོ་ཡོད་པའི་ བརྡ་མཚོན་དང་ གླངམོ་ཆེ་ཚུ་ལུ་ ཤེས་རབ་དང་ དྲན་ཤེས་ བློ་རིག་ཚུ་ ག་བ་ཡང་དྲགཔ་སྦེ་ཡོད་པའི་ ཁྱད་ཆོས་ཚུ་གིས་ སེམས་ཤུགས་བསྐྱེད་དེ་ ཚོགས་པ་གིས་ཡང་ ཤེས་རབ་དང་ སྔོན་གཟིགས་ཐོག་ལས་ རྒྱལ་ཁབ་ཕུན་སུམ་ཚོགས་ཏོག་ཏོ་བཟོ་ནིའི་ བརྩོན་ཐབས་ལུ་དམིགས་ཏེ་ཨིན་པས།
ཚོགས་པའི་འབོ་ཚིག་ཡང་ “ཁྱོད་ཀྱི་བསམ་བརྗོད། ཁྱོད་རའི་རེ་འདོད།”ལུ་ བཞག་སྟེ་ཡོདཔ་ད་ དེ་གིས་ ཡར་རྒྱས་གཏང་ནིའི་དོན་ལུ་ མི་སེར་ཚུ་ གཙོ་བོར་བཟུང་སྟེ་ མི་སྡེའི་དྲང་ཁྲིམས་དང་ འགྲོ་བ་མིའི་ཉེན་སྲུང་ཚུ་ ཡོདཔ་བཟོ་ནིའི་ འགན་ཁག་དང་ བསམ་བརྗོད་བཀོད་ནི་གི་ དལ་དབང་ཡོདཔ་བཟོ་ནི་ཨིན་པས།
སྤྱི་ཟླ་༡ པའི་ཚེས་༡༡ ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་ལུ་ ཐོ་བཀོད་གྲུབ་པའི་ ངོས་ལེན་ལག་ཁྱེར་བྱིན་ཡོདཔ་བཞིན་དུ་ ཚོགས་པ་དེ་ སྲིད་དོན་ཚོགས་པ་གསརཔ་སྦེ་ སྤྱི་ཟླ་༡ པའི་ཚེས་༩ ལུ་ ཐོ་བཀོད་འབད་ནུག།
ད་ལྟོ་ཚུན་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་སྟོན་འབད་ཡོདཔ་ད་ ད་རིས་ ཧཱ་ལུ་ གོམས་འདྲིས་ལྟ་སྐོར་འབད་ནི་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *