ཐིམ་ཁྲོམ་གྱི་མི་ཚུ་གིས་ ཚོགས་རྒྱན་བཙུགས་པའི་བསྒང་།

ཐིམ་ཁྲོམ་ལས་ སྒེར་གྱི་ཁྲིམས་རྩོདཔ་ མཚོ་སྐྱེས་རྡོ་རྗེ་ གདམ་འཐུ་གྲུབ་ཡོདཔ།

༉ ཁ་ཙ་ ཐམ་ཕུག་གཟི་ལུང་ཁ་འབྲིང་རིམ་སློབ་གྲྭ་བར་མའི་ནང་སྦེ་ ཐིམ་ཁྲོམ་གྱི་དོན་ལུ་ གདམ་འཐུའི་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ གདམ་ངོ་༤ ཡོད་མི་ལས་ སྒེར་གྱི་ཁྲིམས་རྩོདཔ་ སྐྱེས་ལོ་༣༣ ལང་མི་ མཚོ་སྐྱེས་རྡོ་རྗེ་གིས་ དགོ་ཟེར་བའི་ཚོགས་རྒྱན་༨༡༡ ཐོབ་སྟེ་ གདམ་གྲུབ་ཅི།

དེ་ལས་ གདམ་ངོ་གཞན་༣ ལས་ ཚོང་པ་ཅིག་ཨིན་མི་ རྒྱ་མཚོ་གིས་ དགོ་ཟེར་བའི་ཚོགས་རྒྱན་༢༧༨ དང་ མུ་ཏིག་ཐང་ལས་ འཁྲབ་རྩེདཔ་ཅིག་ཨིན་མི་ བསོད་ནམས་དཔལ་འབྱོར་གྱིས་ ཚོགས་རྒྱན་དགོ་༤༢༩ ཐོབ་ཡོདཔ་བཞིན་དུ་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ ལས་བྱེདཔ་བགྲེསཔ་ དབང་ཕྱུག་སྟོབས་རྒྱལ་གྱིས་ ཚོགས་རྒྱན་དགོ་༤༢༨ ཐོབ་མ་ཚུགསཔ་ལས་ གདམ་འཐུ་གྲུབ་མ་ཚུགས།

འཛོམས་འདུ་དེ་ཁར་ ཚོགས་རྒྱན་བཙུགས་མི་ ལེ་ཤ་འོང་མི་ལུ་བརྟེན་ ཚོགས་རྒྱན་འཕྲུལ་ཆས་ཨི་བི་ཨེམ་༣ ལག་ལེན་འཐབ་སྟེ་ ཚོགས་རྒྱན་བཙུགས་ཡོདཔ་ད་ འཛོམས་འདུའི་དུས་ཚོད་དེ་ དྲོ་པའི་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་༣ ཚུན་ ཨིནམ་བཞིན་དུ་ ཆུ་ཚོད་༣ ལང་རུང་ ཚོགས་རྒྱན་བཙུགས་མ་ཚུགས་པར་ གྱལ་ནང་ལུས་མི་ཚུ་ལུ་ གནས་ཚད་ཅན་གྱི་ ལག་ལེན་ལམ་ལུགས་དང་འཁྲིལ་ ཤོག་འཛིན་ཊོ་ཀཱན་བྱིན་ཐོག་ལས་ ཚོགས་རྒྱན་བཙུགས་བཅུག་ཅི།

ཆུ་ཚོད་༣ གྱི་ཤུལ་ལས་ ཚོགས་རྒྱན་བཙུགས་པར་ འོང་མི་ཚུ་ལུ་ ཊོ་ཀཱན་མ་བྱིན་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་མ་ཚུགསཔ་ལས་ ལོག་ཁྱིམ་ནང་ འགྱོ་དགོཔ་ཐོན་ཡི།

ཚོགས་རྒྱན་བཙུགས་མ་ཚུགས་མིའི་གྲས་ལས་ གཅིག་ གཟི་ལུང་ཁ་ལས་ སྐྱེས་ལོ་༥༠ ལང་མི་ རིན་ཆེན་བཟངམོ་ཨིནམ་ད་ མོ་གིས་འབད་བ་ཅིན་ དྲོ་པའི་ཆུ་ཚོད་༩ ལས་ར་ གྱལ་ནང་སྡོད་ཡོད་རུང་ ཉིན་མར་ ཉིམ་གྱིས་ཚ་བའི་ཁར་ ལྟོ་བཀྱེས་མི་ལུ་བརྟེན་ ལོག་ཁྱིམ་ནང་ ལྟོ་བཟའ་བར་ སོང་ཡི་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ ལོག་ཚོགས་རྒྱན་བཙུགས་སར་ལྷོདཔ་ད་ ཊོ་ཀཱན་མིན་འདུག་ཟེར་ སླབ་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་མ་བཅུག་ཟེར་ཨིནམ་ད་ དེ་ཁར་ ཚོགས་རྒྱན་བཙུགས་མི་ཡོད་པ་ཅིན་ ཕྱི་རུའི་ཆུ་ཚོད་༥ ཚུན་ཚོད་ ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་བྱིན་དགོ་པའི་ཁར་ ཤོག་འཛིན་ཊོ་ཀཱན་གྱི་སྐོར་ལས་ ལོ་རྒྱུས་ར་ མ་སླབ་ཟེར་ཨིན་པས།

དེ་ལས་ བར་སྦིས་ས་ལས་ སྐྱེས་ལོ་༥༢ ལང་མི་ བཀྲིས་གཡང་འཛོམས་ཀྱིས་ སླབ་མིའི་ནང་ དྲོ་པའི་ཆུ་ཚོད་༩ ལས་ར་ ལྷོད་ཡོད་རུང་ ཚོགས་རྒྱན་བཙུགས་ནི་དེ་ ཆུ་ཚོད་༡༠ དེ་ཅིག་ལས་ འགོ་བཙུགས་མ་ཚུགས་ཟེར་ཨིནམ་ད་ དེ་ཁར་ ས་ཁོངས་དང་འཁྲིལ་ ངོས་འཛིན་ཅན་གྱི་ ཚོགས་རྒྱན་བཙུགས་ས་མེདཔ་ལས་ ག་ཏེ་གི་གྱལ་ནང་ སྡོད་དགོཔ་ཨིན་ན་ མ་ཤེས་པའི་ དཀའ་ངལ་བྱུང་ཡི་ཟེར་ཨིན་པས།

ད་ལྟོ་ཚུན་ ཐིམ་ཕུག་རྫོང་ཁག་གི་ འཛོམས་འདུའི་སྐབས་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་༣ གདམ་འཐུ་ཡོདཔ་ད་ སྤྱི་ཟླ་༣ པའི་ཚེས་༧ ལུ་ དགེ་བསྙེན་ཁ་རྒེད་འོག་གི་ འཛོམས་འདུ་སྐབས་ དོ་འགྲན་འབད་མི་ གཞན་མེདཔ་ལས་ སློབ་གྲྭའི་སློབ་དཔོན་བགྲེསཔ་ ལས་སྐྱིད་ཚེ་རིང་གིས་ དགོ་ཟེར་བའི་ཚོགས་རྒྱན་༢༡༣ དང་ མེན་དགོ་༢༡ ཐོབ་སྟེ་ གདམ་འཐུ་འབད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ སྲོས་དང་ དར་དཀར་ལ་རྒེད་འོག་༢ ནང་ གདམ་ངོ་མེད་རུང་ སྤྱི་ཟླ་༣ པའི་ཚེས་༦ ལུ་ འཛོམས་འདུ་འགོ་འདྲེན་འཐབ་སྟེ་ གོ་བརྡ་སྤྲོད་ཡོདཔ་ད་ ད་ལྟོ་ཚུན་ གླིང་བཞི་དང་ ནཱ་རོ་རྒེད་འོག་༢ ལས་ཡང་ གདམ་ངོ་མེདཔ་ལས་ སྤྱི་ཟླ་༣ པའི་ཚེས་༡༣ ལུ་ འཛོམས་འདུ་འགོ་འདྲེན་འཐབ་སྟེ་ རྫོང་ཁག་གི་ འཛོམས་འདུ་མཇུག་བསྡུ་ནི་ ཨིནམ་བཞིན་དུ་ ཁ་ཙ་ ཐིམ་ཁྲོམ་གྱི་ འཛོམས་འདུའི་སྐབས་ ཚོགས་རྒྱན་བཙུགས་མི་བསྡོམས་༡,༩༤༦ དེ་ཅིག་ འོང་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *