རྒྱང་མཐོང་ཊི་བི་གི་ ཌི་ཇི་ཊལ་ཞབས་ཏོག་ བཙུགས་ནིའི་དོན་ལུ་ ཉེ་བར་མཁོ་བའི་ཅ་ཆས།

ཐིམ་ཁྲོམ་ནང་ རྒྱང་མཐོང་ཊི་བི་བལྟ་ནིའི་དོན་ལུ་ ཌི་ཇི་ཊལ་ཞབས་ཏོག་ འགོ་བཙུགས་དགོཔ།

༉ འབྲུག་བརྡ་དོན་དང་བརྡ་བརྒྱུད་དབང་འཛིན་གྱིས་ ཐིམ་ཕུག་ཁྲོམ་སྡེ་ནང་འཁོད་ རྒྱུན་ཐག་གི་ རྒྱང་མཐོང་ཊི་བི་ཞབས་ཏོག་བྱིན་མི་ཚུ་ལུ་ སྤྱི་ཟླ་༡༢ པའི་ཚེས་༣༡ ལས་ རྒྱང་མཐོང་བལྟ་ནིའི་དོན་ལུ་ ཌི་ཇི་ཊལ་ཞབས་ཏོག་ འགོ་བཙུགས་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
དེ་ཡང་ ཌི་ཇི་ཊལ་ཞབས་ཏོག་ བྱིན་ནི་འགོ་བཙུགས་པའི་བསྒང་ལས་ མི་ཚུ་གིས་ རྒྱང་མཐོང་ལེགས་ཤོམ་མིན་འདུག་ཟེར་བའི་ ཉོགས་བཤད་བཀོད་མི་དེ་ བསལ་ཚུགས་ནི་ཨིནམ་ད་ ས་གནས་ག་ཏེ་འབད་རུང་ རྒྱང་མཐོང་གི་སྤུས་ཚད་ ཡར་དྲག་འགྱོ་ནི་ཨིན་པས།
ཆོག་ཐམ་གཙོ་འཛིན་འགོ་དཔོན་ དབང་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ ཌི་ཇི་ཊལ་ཞབས་ཏོག་དེ་གིས་ ཁྲོམ་དང་ གྲོང་གསེབ་ཀྱི་མི་སེར་༢ ཆ་ར་ནང་ འདྲ་མཉམ་ཐོག་ལས་ ཞབས་ཏོག་སྤྲོད་ནི་ལུ་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིནམ་ད་ རྒྱལ་ཁབ་ནང་ རྒྱང་མཐོང་བལྟ་མིའི་ཐོ་བཀོད་ གཏན་འཁེལ་བཟོ་ནི་ལུ་ཡང་ ཕན་ཐོགས་འབྱུང་ནི་མས་ཟེར་ ཨིན་པས།
སྒྲིང་ཁྱིམ་མང་ཤོས་ཅིག་ནང་ རྒྱུན་ཐག་༡ ལས་ རྒྱང་མཐོང་གི་ཞབས་ཏོག་སྤྱོད་མི་ ལེ་ཤ་འདུག་ཟེར་ ཁོ་གིས་བཤད་པའི་ཁར་ རྒྱང་མཐོང་གི་ཞབས་ཏོག་ དེ་སྦེ་སྤྱོད་མི་དེ་ ཁྲིམས་འགལ་ཨིན་ཟེར་ཨིནམ་ད་ དེ་ཡང་ རྒྱུན་ཐག་༡ ལས་བརྒལ་ འཐུས་མ་བཏབ་པའི་གནད་དོན་ལུ་བརྟེན་ཏེ་ ཨིན་པས།
ཐིམ་ཕུག་ཁྲོམ་སྡེ་ནང་ སང་ཕོད་ སྤྱི་ཟླ་༡ པ་ལས་ ཌི་ཇི་ཊལ་ཐོག་ལས་ རྒྱང་མཐོང་གི་ཞབས་ཏོག་ སྤྱོད་ནི་མ་གཏོགས་ རྒྱུན་ཐག་གི་ཞབས་ཏོག་སྤྱོད་མི་དེ་ ག་ཡང་མི་འོང་ནི་ཨིནམ་ད་ ཞབས་ཏོག་དེ་ ཐིམ་ཕུག་ཁྲོམ་སྡེ་ནང་ བྱིན་ནི་འགོ་བཙུགས་མི་དེ་ཡང་ གྲ་སྒྲིག་ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
འགོ་དཔོན་ཅིག་གིས་ སླབ་མིའི་ནང་ རྒྱང་མཐོང་གི་བརྒྱུད་ལམ་ ག་ཏེ་ལེགས་ཤོམ་མེདཔ་ཨིན་ན་ དེ་འཕྲོ་ལས་ བདའ་ཟུན་ཚུགས་ཟེར་ཨིནམ་ད་ ཞབས་ཏོག་གི་ སྤྱོད་འཐུས་ཡང་ དུས་ཚོད་ཁར་མ་སྤྲོད་པ་ཅིན་ བཏོག་བཞག་འོང་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཞབས་ཏོག་བྱིན་མི་ལས་སྡེ་ཚུ་གིས་ ཧེ་མ་ ཌི་ཇི་ཊལ་དང་ རྒྱུན་ཐག་༢ ཆ་ར་ནང་ རྒྱུན་སྐྱོང་གི་ལཱ་འབད་དགོ་ཟེར་ཨིནམ་ད་ ཌི་ཇི་ཊལ་ཞབས་ཏོག་ལུ་ རྒྱུན་སྐྱོང་གི་ལཱ་འབད་དགོཔ་མེདཔ་ལས་ རྒྱུན་སྐྱོང་གི་ཟད་འགྲོ་ཡང་ མར་ཕབ་འབད་ནི་ལུ་ ཁེ་ཕན་ཡོད་ཟེར་ཨིན་པས།
དབང་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ ཞབས་ཏོག་སྤྱོད་མི་ཚུ་གིས་འབད་རུང་ རྒྱང་མཐོང་གི་ལས་རིམ་ ག་ཅི་བལྟ་ནི་ཨིན་ན་ གདམ་ཁ་རྐྱབ་ཚུགས་ནི་ཨིནམ་མ་ཚད་ འཐུས་ཡང་ ལས་རིམ་གྱི་གྱངས་ཁ་དང་འཁྲིལ་ བཏབ་དགོ་ཟེར་ཨིནམ་ད་ ཞབས་ཏོག་དེ་ལུ་བརྟེན་ འབྲུག་པའི་གློག་བརྙན་ཡང་ བལྟ་ཚུགས་ནི་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒྱང་མཐོང་གི་ཞབས་ཏོག་ནང་ རྒྱ་གར་གྱི་ ཚོང་འབྲེལ་ཁྱབ་བསྒྲགས་རྐྱངམ་གཅིག་མ་གཏོགས་ འབྲུག་གི་ཚོང་འབྲེལ་གྱི་ཁྱབ་བསྒྲགས་ ག་ཅི་ཡང་མིན་འདུག་ཟེར་ཨིནམ་ད་ སྣ་མང་གི་ཞབས་ཏོག་འཕྲུལ་ཆས་ བཙུགས་པའི་བསྒང་ལས་ འབྲུག་པའི་ཚོང་འབྲེལ་གྱི་ ཁྱབ་བསྒྲགས་ཚུ་ཡང་ གཏང་ཚུགས་ཟེར་ཨིན་པས།
ཐིམ་ཕུག་ཁྲོམ་སྡེ་ནང་ ཨེ་ཏོག་མེ་ཏོག་དང་ ནོར་གླིང་ དེ་ལས་ འབྲུག་ཀོམ་ལས་སྡེ་༣ གྱིས་ རྒྱང་མཐོང་གི་ཞབས་ཏོག་བྱིན་ནི་འགོ་བཙུགས་ཡོདཔ་ད་ ཞབས་ཏོག་སྤྱོད་མི་ཚུ་གིས་ རང་སོའི་ དང་འདོད་དང་འཁྲིལ་ ཞབས་ཏོག་ལེན་ནིའི་ གོ་སྐབས་ཡོདཔ་ཨིན་པས།
ཨེ་ཏོག་མེ་ཏོག་དང་ འབྲུག་ཀོམ་ལས་སྡེ་དང་འཁྲིལ་བ་ཅིན་ ཐིམ་ཕུག་ཁྲོམ་ནང་ ཁང་ཚན་༢,༠༠༠ དེ་ཅིག་ལུ་ ཌི་ཇི་ཊལ་ཞབས་ཏོག་ བཙུགས་ཚར་ཏེ་ཡོད་ཟེར་ཨིནམ་ད་ ནོར་གླིང་གིས་འབད་བ་ཅིན་ བརྒྱ་ཆ་༡༠ དང་༡༥ འི་བར་ན་ ཞབས་ཏོག་བྱིན་ཚར་ཡི་ཟེར་ཨིན་པས།
ནོར་གླིང་ལས་སྡེ་གིས་ ཌི་ཇི་ཊལ་ཞབས་ཏོག་ བཙུགས་ནིའི་དོན་ལས་ འགོ་དང་པ་ ཅ་ཆས་སེ་ཊབ་བོགསི་ ཉོ་མི་ཚུ་ལུ་ དངུལ་ཀྲམ་༡,༠༠༠ རེ་སྦེ་ བཙོང་དོ་ཟེར་ཨིནམ་ད་ ཨེ་ཏོག་མེ་ཏོག་གིས་ དངུལ་ཀྲམ་༡,༥༠༠ དང་ འབྲུག་ཀོམ་གྱིས་འབད་བ་ཅིན་ ཅ་ཆས་བཙུགས་པའི་འཐུས་ དངུལ་ཀྲམ་༡,༠༠༠ མ་གཏོགས་ ཅ་ཆས་ཀྱི་རིན་ ལེན་ནི་མེད་ཟེར་ཨིན་པས།
རྫོང་ཁག་༢༠ ནང་ འབྲུག་བརྡ་དོན་དང་བརྡ་བརྒྱུད་དབང་འཛིན་ཡིག་ཚང་གིས་ ཌི་ཇི་ཊལ་ཞབས་ཏོག་ བཙུགས་ཚར་བའི་བསྒང་ལས་ རྒྱལ་ཁབ་ཀྱི་འོང་འབབ་ལུ་ ལྷན་ཐབས་འབད་ཚུགས་ནི་ཨིན་མ་ཚད་ མི་མང་ལུ་ སྤུས་ཚད་ཅན་གྱི་ རྒྱང་མཐོང་གི་ཞབས་ཏོག་ འཐོབ་ཚུགས་ནི་ ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

 

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *