༉ རྒྱལ་ས་ལྟེ་བའི་ ཁྲོམ་ལམ་ཚུ་བདའ་སྟེ་ དྲོ་པ་ལས་ ཕྱི་རུ་ཚུན་ སྣུམ་འཁོར་ཚུ་ གྱལ་བསྣར་ཏེ་ བསྒུགས་སྡོད་དགོཔ་བྱུང་མི་དེ་ ཉིན་བསྟར་གྱི་ དཀའ་ངལ་ཅིག་ཨིན་པས།
དེ་ཡང་ རྒྱལ་ཁབ་ནང་ སྣུམ་འཁོར་མང་དྲགས་པའི་ཁར་ ནང་འཁོད་ཀྱི་ གོང་འཕེལ་འཆར་གཞི་ཚུ་ རྒྱལ་ཁབ་ཡར་རྒྱས་འགྱོ་མི་དང་བསྟུན་ གྲུབ་འབྲས་མཐར་འཁྱོལ་ བྱུང་མ་ཚུགས་ནི་དེ་གིས་ཨིན་མས།
ཐིམ་ཕུག་ཁྲོམ་དེ་ ཀི་ལོ་མི་ཊར་༤ དེ་ཅིག་ལས་བརྒལ་མེད་རུང་ དེ་ཁར་ སྣུམ་འཁོར་གྱི་འུར་ཟིང་འཐབ་མི་དེ་ ད་རེས་ནངས་པར་ དཀའ་ངལ་ཅན་ལུ་གྱུརཝ་ལས་ དཀའ་ངལ་སེལ་ཐབས་ལུ་ གཞུང་གིས་ ཁྲོམ་གྱི་ཉེ་འདབས་ལུ་ སྣུམ་འཁོར་བཞག་ཁང་༢ རྐྱབ་དོ་ཡོད་མི་གིས་ སེལ་ཚུགས་པའི་ འོས་འབབ་ཅིག་མི་མཐོང་པས།
ད་ལྟོའི་ གནས་སྟངས་ནང་བཟུམ་ཅིག་འབད་བ་ཅིན་ ཁྲོམ་ཁར་ ཁྲ་དཀར་ལམ་༢༢ དེ་ཅིག་ བཟོ་ཡོད་མི་གིས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་ནི་ལུ་ ཧེང་སྐལ་ར་ དཀའ་ངལ་བྱུངམ་མས།
ཧེ་མ་ ཁྲ་དཀར་ལམ་མེད་པའི་སྐབས་ལུ་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་ནི་ལུ་ དཀའ་ངལ་སྦོམ་ཅིག་ མ་ཐོན་ཏེ་འབད་རུང་ ཁྲ་དཀར་ལམ་ལུ་བརྟེན་ དཀའ་ངལ་དེ་ ཡར་འཕར་སོང་ཡོད་པའི་ བརྡ་མཚོན་སྟོནམ་མས།
གཞུང་གིས་ སྣུམ་འཁོར་གྱི་ཚོང་སྒྱུར་ སྒོ་ཡངས་ཐོག་ལུ་ བཞག་མི་གིས་ ཉིན་བསྟར་བཞིན་དུ་ སྣུམ་འཁོར་ནང་འདྲེན་ རྒྱུན་མ་ཆད་པར་འབད་དོ་ཡོདཔ་ལས་ སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་ལུ་ ལྷན་ཐབས་འབདཝ་མས།
ཐིམ་ཕུག་ལུ་ ད་ལྟོ་ལས་ར་ འདི་བཟུམ་མའི་ དཀའ་ངལ་འབྱུང་པ་ཅིན་ ལོ་ངོ་བཅུ་ཕྲག་གི་རྒྱབ་ལས་ ཁྲོམ་ཁར་ སྣུམ་འཁོར་རྒྱུན་འགྲུལ་གྱི་དཀའ་ངལ་དེ་ རྩ་ལས་ར་ སེལ་མ་ཚུགས་པའི་ གནས་སྟངས་ཅིག་ཤར་ནི་མས།
ཁྲོམ་སྡེའི་ཁ་ཐུག་ལས་ ཁྲོམ་ལམ་སྐེདཔ་བཏོགས་འགྱོ་མི་ རྐང་འགྲུལཔ་ཚུ་ལུ་ ཉེན་ཁ་འདུག་ཟེར་བའི་ ཐུགས་འཆར་གནང་སྟེ་ དེ་འཕྲོ་ལས་ ཁྲ་དཀར་ལམ་བཟོ་ནིའི་ འཆར་གཞི་བརྩམས་པའི་སྐབས་ལུ་ སྣུམ་འཁོར་བཏང་མི་ཚུ་ཡང་ རྒྱུན་འགྲུལ་དེ་ཁ་ལས་ར་ རྐྱབ་དགོཔ་ཨིནམ་ཤེས་རུང་ དཀའ་ངལ་དེ་ལུ་ དམིགས་འཆར་མ་བསྐྱེད་མི་གིས་ ད་ལྟོ་ བྲེལ་ཟིང་གི་ གཞི་གནས་ལུ་གྱུར་ནུག།
འཆར་གཞི་རྩོམ་མི་ འགོ་དཔོན་ཚུ་གིས་ ལོ་དག་པ་ཅིག་གི་ དཀའ་ངལ་སེལ་ནི་རྐྱངམ་གཅིག་ལུ་ དམིགས་གཏད་བསྐྱེད་ནི་མེན་པར་ ཐུགས་བཞེད་རྒྱ་ཆེ་ས་ལས་གཟིགས་ཏེ་ མ་འོངས་ཡུན་བརྟན་གྱི་ ཐབས་ལམ་བཏོན་གནང་དགོཔ་འདུག།
གནས་རིམ་ག་ཅི་ནང་འབད་རུང་ གཞི་རྩ་དང་ ལྟ་བ་ཚུ་གི་ ཐབས་བྱུས་ཚུ་ རྒྱ་ཆབ་ཅན་སྦེ་དགོཔ་འདུག་ཟེར་ ཞུ་ནི་ཨིན།
Check Also
རྒྱལ་ཡོངས་ལུ་ གདམ་ཁ་རྐྱབ་དགོཔ།
༉ ད་འབདན་ ན་འཐན་ར་སྦོ་ལོགས་ཁར་ ལྷོད་དོ་ཡོད་མི་ འབྲུག་གི་སྤྱི་མཐུན་གྱི་གྲུབ་འབྲས་ འཐོན་ནི་དེ་ ཧ་ལམ་རན་དོ་ཡོདཔ་ལས་ ག་ར་གིས་ སེམས་ཁར་ཚ་གྱང་འབག་དོ་ཡོདཔ་འོང་། རྒྱལ་ཁབ་ནང་ དབང་ཚད་ཕྱིར་སྤེལ་གྱི་ ལམ་ལུགས་འགོ་བཙུགས་ཏེ་ ལོ་ངོ་བཅུ་ཕྲག་ལྷག་པའི་བསྒང་ལས་ དམངས་གཙོའི་རིང་ལུགས་ནང་ ལཱ་ཚུ་ག་དེ་སྦེ་ར་ …