འབྲུག་གི་ལྟ་བཤལ་གོང་འཕེལ་ལས་རིམ་ནང་ ཐའི་ལྟ་བཤལ་ལས་སྡེ་ཚུ་ལས་ མི་༡༠༠ ལྷགཔ་ཅིག་གིས་ གྲལ་གཏོགས་འབད་ནུག།

ཐའི་ལྟ་བཤལ་ལས་སྡེ་ཚུ་གིས་ འབྲུག་གི་ལྟ་བཤལ་སྲིད་བྱུས་ལུ་ ལེགས་ཆའི་ངོས་ལེན།

༉ འདས་པའི་བདུན་ཕྲག་ནང་ བེང་ཀོག་ལུ་ འབྲུག་གི་ལྟ་བཤལ་ཡར་དྲག་གཏང་ནིའི་ ལས་རིམ་ཅིག་ འགོ་འདྲེན་འཐབ་སར་ ལྟ་བཤལ་ལག་ལེན་པ་ ལེ་ཤ་ཅིག་གིས་ ལྟ་བཤལ་སྲིད་བྱུས་གསརཔ་དང་ དམིགས་བསལ་དུ་ ཡུན་བརྟན་གོང་འཕེལ་གྱི་ འཐུས་ཡར་སེང་འབད་མི་ལུ་ དྲི་བཀོད་འབད་ནུག།

ཐའི་ལེནཌ་ལུ་ འབྲུག་གི་གཞུང་ཚབ་ ཀུན་བཟང་རྡོ་རྗེ་གིས་ འབྲུག་གི་ལྟ་བཤལ་སྲིད་བྱུས་དང་ ཐབས་བྱུས་གསརཔ་ལུ་བརྟེན་ ལྟ་བཤལཔ་ཚུ་ལུ་ ཉུང་མཐའི་ཉིན་བསྟར་འཐུས་ཀྱི་ཚབ་ལུ་ འཆར་གཞི་བརྩམ་ནི་དང་ ཞབས་ཏོག་གདམ་ཁ་རྐྱབ་ནི་གི་ གོ་སྐབས་ཚུ་འཐོབ་ཟེར་ དོགས་སེལ་འབད་ཡོདཔ་ཨིན་པས།

ཐའི་ལེནཌ་ལུ་ཡོད་མི་ ལྟ་བཤལ་ལག་ལེན་ ལས་སྡེ་ཚུ་གིས་ འབྲུག་རྒྱལ་ཁབ་ནང་ ལྟ་སྐོར་ལུ་ འོང་ནིའི་དོན་ལས་ ནང་འཁོད་དང་ ཕྱི་རྒྱལ་གྱི་ ལྟ་བཤལཔ་གཉིས་ཆ་ར་ལུ་ གོ་བརྡའི་ལས་རིམ་ འགོ་འདྲེན་འཐབ་སྟེ་ ལོ་ངོ་ལེ་ཤ་ ལང་ཡོདཔ་ཨིན་པས།

དུས་ཅི་ སྤྱི་ཟླ་༦ པའི་ནང་ སྤྱི་ཚོགས་༣ པ་གིས་ འབྲུག་གི་ལྟ་བཤལ་བསྡུ་བླང་བཅའ་ཁྲིམས་༢༠༢༢ ཅན་མ་ ཆ་འཇོག་གྲུབ་མི་དང་འཁྲིལ་ གཞུང་གིས་ ཧེ་མའི་སྤྱོད་འཐུས་ ལྟ་བཤལཔ་རེ་ལས་ ཡུ་ཨེསི་ཌོ་ལར་༦༥ རེ་ ལེན་སྲོལ་ཡོད་མིའི་ ལམ་ལུགས་དེ་ ཆ་མེད་བཏང་ཐོག་ལས་ ཉིནམ་རེ་ལུ་ ལྟ་བཤལཔ་རེ་གིས་ ཡུན་བརྟན་གོང་འཕེལ་གྱི་འཐུས་ ཡུ་ཨེསི་ཌོ་ལར་༢༠༠ རེ་ སྤྲོད་དགོཔ་བཟོ་ཡི།

ལམ་ལུགས་འདི་གི་ཐོག་ལས་ ལྟ་བཤལཔ་ཚུ་གིས་ ཞབས་ཏོག་མཁོ་སྤྲོད་འབད་མི་ཚུ་དང་ ཐད་ཀར་དུ་ འབྲེལ་འཛིན་འབད་ཚུགས་ནི་དང་ ཞབས་ཏོག་སྤྲོད་མི་ཚུ་གི་ གོ་སྐབས་དང་ ཐོན་སྐྱེད་གསརཔ་ཚུ་དང་འཁྲིལ་ འཐུས་སྤྲོད་དགོ་ཟེར་ གཞུང་ཚབ་ཀུན་བཟང་རྡོ་རྗེ་གིས་ བཤད་པའི་ཁར་ ལམ་ལུགས་དེ་གི་ཐོག་ལས་ རྒྱལ་ཁབ་ནང་ ལྟ་སྐོར་ལུ་ འོང་མི་ཚུ་ལུ་ ཉམས་སྣང་མ་འདྲཝ་འཐོབ་ནི་དང་ ལྟ་བཤལ་ལས་སྡེའི་ ཞབས་ཏོག་གི་ སྤུས་ཚད་ཚུ་ཡང་ ཡར་དྲག་འགྱོ་འོང་ཟེར་ བཤད་ནུག།

སྤྱི་ཟླ་༩ པའི་ཚེས་༢༣ ལུ་ འབྲུག་གིས་ གཞུང་འབྲེལ་ཐོག་ལས་ ས་མཚམས་ཚུ་ ལོག་སྒོ་ཕྱེ་བའི་ཤུལ་ལུ་ བེང་ཀོག་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ལས་ཁང་གིས་ ལྟ་བཤལ་གོང་འཕེལ་གྱི་ ལས་རིམ་ཅིག་ འགོ་འདྲེན་འཐབ་མི་དེ་ནང་ ཐའི་ལེནཌ་གི་ ལྟ་བཤལ་ལས་སྡེ་ཚུ་ལས་ འགོ་དཔོན་དང་ འཐུས་མི་༡༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།

གཞུང་ཚབ་ཀུན་བཟང་རྡོ་རྗེ་གིས་ བཤད་མིའི་ནང་ འབྲུག་གི་དཔལ་འབྱོར་ཡར་དྲག་གཏང་ནིའི་དོན་ལུ་ ལྟ་བཤལ་དེ་ གལ་གནད་ཅན་སྦེ་ར་ གནས་འོང་ཟེར་ཨིནམ་ད་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ འབྲུག་གིས་ རིན་ཐང་ཆེ་བ་དང་ གྱངས་ཁ་ཉུང་བའི་ ལྟ་བཤལ་སྲིད་བྱུས་ ལག་ལེན་འཐབ་ནི་དང་ ལྟ་བཤལ་སྡེ་ཚན་ ལེགས་བསྒྱུར་འབད་ནིའི་དོན་ལུ་ ནན་ཞིབ་འབད་ནིའི་ དུས་ཚོད་ཐོབ་ཅི་ཟེར་ཨིན་པས།

ཐའི་ལེནཌ་དེ་ འབྲུག་གི་ལྟ་བཤལ་ལས་སྡེའི་དོན་ལུ་ ཚོང་འབྲེལ་གྱི་ འབྱུང་ཁུངས་གལ་གནད་ཅན་ཅིག་ ཨིནམ་མ་ཚད་ རྒྱལ་ཁབ་ཀྱི་ ལྟ་བཤལ་ལས་སྡེ་ལུ་ ལྷན་ཐབས་འབད་བཞིན་དུ་ཡོད་མི་ལུ་བརྟེན་ འབྲུག་གིས་ ཐའི་ལེནཌ་ལས་ ལྟ་བཤལཔ་ཚུ་ འོང་ནི་གི་ རེ་བ་སྦོམ་བསྐྱེད་དོ་ཟེར་ གཞུང་ཚབ་ཀྱིས་ བཤད་ནུག།

ནད་ཡམས་ཀོ་བིཌ་-༡༩ མ་ཐོན་པའི་ཧེ་མར་ འབྲུག་ལུ་ ལོ་བསྟར་བཞིན་དུ་ ཐའི་ལེནཌ་གི་ ལྟ་བཤལཔ་༤,༠༠༠ ལྷགཔ་རེ་ འོང་ནི་ཡོདཔ་ད་ དེ་གི་ནང་ལས་ ལྟ་བཤལཔ་མང་ཤོས་ར་ ཐའི་ལེནཌ་བརྒྱུད་དེ་ རྒྱལ་ཁབ་ནང་ འོངམ་ཨིན་ཟེར་ གཞུང་ཚབ་ཀྱིས་ ཀུན་གསལ་ལུ་ བཤདཔ་ཨིན་པས།

གཞུང་ཚབ་ཀྱིས་འབད་བ་ཅིན་ འབྲུག་གིས་ ཞབས་ཏོག་དང་ མཐུན་རྐྱེན་ཚུ་ ལྟ་བཤལཔ་ཚུ་གི་ རེ་འདོད་ལྟར་དུ་ མཁོ་སྤྲོད་འབད་བ་ཅིན་ ཉིན་བསྟར་བཞིན་དུ་ ཡུན་བརྟན་གོང་འཕེལ་གྱི་འཐུས་ ཌོ་ལར་༢༠༠ རེ་སྤྲོད་རུང་ དེ་ལུ་ ངོས་ལེན་ཡོདཔ་སྦེ་ ཐའི་གི་ལྟ་བཤལ་ལག་ལེན་པ་ཚུ་གིས་ སླབ་དེས་ཟེར་ཨིན་པས།

སྤྱི་ཟླ་༩ པའི་ཚེས་༢༣ ལུ་ འབྲུག་གིས་ ས་མཚམས་ལོག་སྒོ་ཕྱེ་བའི་ཉིན་མར་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ ཕྱི་རྒྱལ་གྱི་མགྱོནམ་༡༢༠ ལྷོད་ཡོད་མི་ལས་ ཕྱི་མི་༣༤ བེང་ཀོག་ལས་ འཕུར་འགྲུལ་འབད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *