ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་ལུ་ ཉིན་གྲངས་༢ ཀྱི་དོན་ལས་ གཟིགས་སྐོར་ལུ་བྱོན་མི་ ཐའི་ལེནཌ་རྒྱལ་བརྒྱུད་རྒྱལ་ཁབ་ཀྱི་བློན་ཆེན་ གུང་བློན་པར་ཡུཊ་ ཅཱན་ཨོ་ཅ་དང་ མཇལ་ཕྲད་གནང་པའི་བསྒང་།

ཐའི་ལེནཌ་དང་ འབྲུག་གི་བར་ན་ མཐུན་ལམ་དམ་ཟབ་ འགྱོ་ཚུགས་པའི་རེ་བ།

༉ ཁ་ཙ་ བཀྲིས་ཆོས་རྫོང་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ རྒྱལ་བཙུན་རྣམ་གཉིས་ཀྱིས་ ཐའི་ལེནཌ་གི་བློན་ཆེན་ གུང་བློན་པར་ཡུཊ་ ཅཱན་ཨོ་ཅ་དང་ ཁོ་རའི་ཨམ་ མཁས་དབང་མཉམ་འབྲེལ་བ་ ན་ར་པོརན་ ཅཱན་ཨོ་ཅ་གཉིས་དང་ མཇལ་ཕྲད་གནང་ཡི།
དེ་གི་ཤུལ་ལས་ རྒྱལ་ཡོངས་ཚོགས་ཁང་ནང་སྦེ་ ཐའི་ལེནཌ་གི་ བློན་ཆེན་གྱིས་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ མཇལ་ཕྲད་ཀྱི་ གསུང་གྲོས་གནང་ཡོདཔ་ད་ བློན་ཆེན་གྱིས་ འབྲུག་གཞུང་དང་ མི་སེར་གྱི་ ཁ་ཐུག་ལས་ རྒྱལ་ཁབ་ནང་ གཞུང་འབྲེལ་གཟིགས་སྐོར་ལུ་བྱོན་མི་ ཐའི་ལེནཌ་གི་ བློན་ཆེན་ལུ་ དགའ་ཚོར་ཡོད་ལུགས་གསུངས་ཡི།

ཁ་ཙ་ བཀྲིས་ཆོས་རྫོང་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ རྒྱལ་བཙུན་རྣམ་གཉིས་ཀྱིས་ ཐའི་ལེནཌ་གི་བློན་ཆེན་ གུང་བློན་པར་ཡུཊ་ ཅཱན་ཨོ་ཅ་དང་ ཁོ་རའི་ཨམ་ མཁས་དབང་མཉམ་འབྲེལ་བ་ ན་ར་པོརན་ ཅཱན་ཨོ་ཅ་གཉིས་དང་ མཇལ་ཕྲད་གནང་པའི་བསྒང་།

གུང་བློན་པར་ཡུཊ་ ཅཱན་ཨོ་ཅ་གིས་ ཁོ་ར་ འབྲུག་ལུ་ འོང་ནི་གི་ མགྲོན་བརྡ་གནང་མི་ལུ་ དགའ་ཚོར་ཡོད་ཟེར་ གསུངས་ཡོདཔ་ད་ རྒྱལ་ཁབ་གཉིས་ཀྱི་བར་ན་ ཟུང་ཕྱོགས་མཐུན་ལམ་དང་ ལམ་སྲོལ་ ཆོས་ལུགས་ཆ་འདྲ་མི་ལུ་བརྟེན་ རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་ལམ་བཞག་ཚུགས་ཏེ་ཡོད་ཟེར་གསུངས་ཡི།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ འཕྲལ་ཁམས་ཅིག་ཁར་ ཐའི་ལེནཌ་གི་ས་གནས་ ཅང་རའི་མངའ་སྡེ་ནང་ ཕུཊ་བཱོལ་རྩེ་མི་ ཨ་ལོ་༡༢ དང་ སློབ་སྟོན་པ་༡ བྱག་ཕུག་ནང་ན་ འཛུལ་བའི་ཤུལ་ལས་ ཆར་ཆུ་གིས་བསུབས་ཏེ་ ལོག་འོང་མ་ཚུགས་པར་ ནང་ན་ཐོགས་ལུས་ཡོད་རུང་ མཐར་འཁྱོལ་ཅན་སྦེ་ སྲོག་སྐྱབས་འབད་ཚུགས་མི་ལུ་ ངལ་རངས་དང་ དགའ་ཚོར་ཡོད་ཟེར་གསུངས་ཡི།
ཨ་ལོ་ཚུ་ སྲོག་སྐྱབས་འབད་མི་དེ་ རྒྱལ་རབས་ནང་ སྡོད་ནི་ཨིནམ་མ་ཚད་ ཐའི་ལེནཌ་རྒྱལ་ཁབ་ཀྱིས་ དེ་བཟུམ་མའི་ སྲོག་སྐྱབས་ཀྱི་ ལཱ་འབད་ཚུགས་མི་དེ་ ཐའི་ལེནཌ་ལུ་རྐྱངམ་གཅིག་མེན་པར་ འཛམ་གླིང་ནང་ སེམས་ཤུགས་བྱིན་ཚུགས་ཏེ་ཡོད་ཟེར་བློན་ཆེན་གྱིས་ གསུངས་ཡི།
ཐའི་གི་བློན་ཆེན་ གུང་བློན་པར་ཡུཊ་ ཅཱན་ཨོ་ཅ་དང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ འབྲུག་དང་ཐའི་ལེནཌ་གི་བར་ན་ མོས་མཐུན་ཐོག་ལས་ གསོ་བ་དང་ ཤེས་རིག་ ལྟ་བཤལ་ དེ་ལས་ མི་སྟོབས་གོང་འཕེལ་ལ་སོགས་པའི་ ལས་དོན་ཚུ་ནང་ མཉམ་འབྲེལ་འབད་དེ་ མཐུན་ལམ་དམ་ཟབ་བཟོ་ནིའི་སྐོར་ལས་ གསུང་གྲོས་གནང་ནུག།

བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ ཐའི་ལེནཌ་གི་བློན་ཆེན་ གུང་བློན་པར་ཡུཊ་ ཅཱན་ཨོ་ཅ་ དེ་ལས་ འབྲུག་དང་ ཐའི་ལེནཌ་གི་ འགོ་དཔོན་ཚུ།

བློན་ཆེན་གུང་བློན་པར་ཡུཊ་ ཅཱན་ཨོ་ཅ་དེ་ ཉིན་གྲངས་གཉིས་ཀྱི་ གཞུང་དོན་གཟིགས་སྐོར་ལུ་ བྱོན་ཏེ་ཡོདཔ་ད་ ཐའི་ལེནཌ་དེ་ འབྲུག་ལུ་ ནང་འདྲེན་གྱི་ ཅ་ཆས་བཀྲམ་སྤེལ་འབད་མི་ མཐོ་ཤོས་༢ པ་ཨིན་མི་དེ་ཡང་ འབྲུག་གིས་ ཌོ་ལར་ས་ཡ་༤༥༥ དེ་ཅིག་ གི་ ཅ་ཆས་ནང་འདྲེན་འབད་ས་ལས་ ཌོ་ལར་ས་ཡ་༢༤ དེ་ཅིག་གི་རྩིས་ ཐའི་ལེནཌ་ལས་ ནང་འདྲེན་འབད་དེ་ཡོདཔ་ཨིན་པས།
ཁ་ཙ་ ཐའི་ལེནཌ་གི་ བློན་ཆེན་དང་ ཁོ་གི་འཐུས་མི་སྡེ་ཚན་དེ་ སྤ་རོ་རྒྱལ་སྤྱི་གནམ་གྲུ་ཐང་ནང་ཕེབས་ད་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ ཁོ་རའི་ཨམ་ བཀྲིས་སྒྲོལ་མ་ དེ་ལས་ རྒྱལ་སྤྱི་གཞུང་ཚབ་ཡིག་ཚང་གི་ ངོ་ཚབ་དང་ རྒྱལ་ཁབ་ནང་འཁོད་ཀྱི་ ལས་སྡེ་ཁག་གི་ འགོ་དཔོན་ཚུ་གིས་ ཕེབས་བསུ་ཞུ་ཡོདཔ་མ་ཚད་ དམག་སྡེ་༣ གྱི་ དམག་མི་ཚུ་གིས་ ཐའི་གི་བློན་ཆེན་ལུ་ སྟི་སྭ་ཞུ་ཡི།
དེ་མ་ཚད་ ཐའི་གི་བློན་ཆེན་དང་ འཐུས་མི་སྡེ་ཚན་དེ་ ཐིམ་ཕུག་ལུ་ བྱོན་པའི་ལམ་ཁར་ སྤ་རོ་རྫོང་ཁག་གི་ སློབ་གྲྭ་ཁག་གི་ སློབ་ཕྲུག་ཚུ་གིས་ རྒྱལ་ཁབ་གཉིས་ཀྱི་ རྒྱལ་དར་ཚུ་ ལག་པར་བཤེད་ཐོག་ལས་ ཕེབས་བསུ་ཞུ་ཡི།
ཁ་ཙ་ཕྱི་རུ་ ཐའི་ལེནཌ་གི་ བློན་ཆེན་གྱིས་ ཆུ་བར་ཆུ་ལུ་ ཐགས་རིགས་འགྲེམས་སྟོན་ཁང་ནང་ སྤོ་བཤུད་འབད་མི་ ཐའི་ལེནཌ་གི་ ཕྱི་འབྲེལ་དོན་གཅོད་་ཡིག་ཚང་གསརཔ་དེ་ཡང་ སྒོ་འབྱེད་གནང་ཡི།

བཀྲིས་ཆོས་རྫོང་ནང་ ཐའི་ལེནཌ་གི་བློན་ཆེན་ གུང་བློན་པར་ཡུཊ་ ཅཱན་ཨོ་ཅ་དང་ བློན་ཆེན་ཚེ་རིང་སྟོབས་རྒྱས་རྣམ་གཉིས་ལུ་ སྟི་སྭ་ཞུ་བའི་བསྒང་།

གཞུང་ཚབ་ཡིག་ཚང་དེ་ སྤྱི་ལོ་༢༠༠༣ ལུ་ སྒོ་ཕྱེ་ཡོདཔ་བཞིན་དུ་ ཐའི་ལེནཌ་ལུ་ འབྲུག་གི་གཞུང་ཚབ་ཡིག་ཚང་དེ་ སྤྱི་ལོ་༡༩༩༩ ལུ་ གཞི་བཙུགས་འབད་དེ་ ལོ་ངོ་བཅུ་ཕྲག་ལང་པའི་ཤུལ་ལས་ ཐའི་ལེནཌ་དང་གཅིག་ཁར་ ཟུང་ཕྱོགས་མཐུན་འབྲེལ་ འགོ་བཙུགས་ཡོདཔ་ཨིན་པས།
ད་ལྟོའི་ སྐུ་སྒེར་ཡིག་ཚང་གི་ཁྲི་འཛིན་ བཙན་བཀབ་རྡོ་རྗེ་གིས་ ཐའི་ལེནཌ་གི་དོན་ལུ་ འབྲུག་གི་གཞུང་ཚབ་དང་པ་སྦེ་ ཕྱག་ཞུ་ཡོདཔ་ད་ ཁོ་ལུ་ འབྲུག་དང་ཐའི་ལེནཌ་གི་བར་ན་ མཐུན་ལམ་དམ་ཟབ་བཟོ་ནི་དང་ གཞན་ཡང་ ཨེ་ཤི་ཡཱན་རྒྱལ་ཁབ་༡༠ དང་གཅིག་ཁར་ཡང་ མཐུན་ལམ་བཟོ་ནིའི་ འགན་ཁུར་སྤྲོད་ཡོདཔ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐའི་ལེནཌ་ལུ་ཡོད་མི་ རང་སཱིད་གཙུག་ལག་སློབ་སྡེའི་གཙོ་འཛིན་ ཌོག་ཊར་ཨར་ཐིད་ ཨའུ་རའི་རཱད་ལུ་ ཐའི་ལེནཌ་གི་ དཔེ་སྟོན་བཏུབ་པའི་ མི་ཁུངས་འབད་བའི་ཁར་ འབྲུག་གི་ཆ་རོགས་རྙིང་ཤོས་ཅིག་ཨིན་པའི་ ངོས་འཛིན་ལུ་ འབྲུག་ཐུགས་སྲས་ཀྱི་ རྟགས་མ་གནང་ཡོདཔ་ཨིན་པས།

རྒྱལ་ཡོངས་ཚོགས་ཁང་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ ཐའི་ལེནཌ་གི་བློན་ཆེན་ གུང་བློན་པར་ཡུཊ་ ཅཱན་ཨོ་ཅ་གི་བར་ན་ གསུང་གྲོས་གནང་པའི་བསྒང་།

ན་ཧིང་ འབྲུག་དང་ ཐའི་ལེནཌ་གི་བར་ན་ དུས་སྟོན་འགོ་དང་པ་ བརྩི་སྲུང་འབད་བའི་སྐབས་ལུ་ བཞེས་སྒོ་དང་ ལག་བཟོ་ལ་སོགས་པའི་ རང་ལུགས་ཀྱི་ ཐོན་སྐྱེད་ཚུ་ འགྲེམས་སྟོན་འབད་ཡོད་པའི་ཁར་ རྒྱལ་ཁབ་གཉིས་ལས་ཐོན་སྐྱེད་འབད་མི་ ཤིང་འབྲས་ཀྱི་ ཐོན་སྐྱེད་རིགས་ཚུ་ཡང་ འགྲེམས་སྟོན་འབད་ཡོདཔ་ཨིན་པས།
དེ་མ་ཚད་ ན་ཧིང་ ཐའི་དང་འབྲུག་གི་ལྟ་བཤལ་དབང་འཛིན་ ཐའི་ལེནཌ་གྱི་ ལྟ་བཤལ་དང་ རྩེད་རིག་ལྷན་ཁག་ དེ་ལས་ འབྲུག་ཨོ་ལོམ་པིག་ཚོགས་སྡེའི་བར་ན་ ཆིངས་ཡིག་གུ་ མཚན་རྟགས་ཡང་ བཀོད་ཡོདཔ་ཨིན་པས།

ཐའི་ལེནཌ་གི་བློན་ཆེན་ གུང་བློན་པར་ཡུཊ་ ཅཱན་ཨོ་ཅ་མཆོག་ ཐིམ་ཕུག་ལུ་བྱོནམ་ད་ སློབ་ཕྲུག་ཚུ་གིས་ ལམ་བདའ་སྟེ་ ཕེབས་བསུ་ཞུ་བའི་བསྒང་།

སྤྱི་ལོ་༢༠༡༤ ལུ་ རྒྱལ་ཁབ་གཉིས་ཀྱི་བར་ན་ ཕྱི་འབྲེལ་དོན་གཅོད་མཐུན་འབྲེལ་བཟོ་སྟེ་ ལོ་ངོ་༢༥ འཁོར་བའི་ དུས་སྟོན་དང་འབྲེལ་ འབྲུག་དང་ཐའི་ལེནཌ་གི་བར་ན་ ལྟ་བཤལཔ་ཚུ་ལུ་ འཐུས་མར་ཕབ་ཐོག་ལས་ བྱིན་ནི་གི་ ལས་རིམ་དེ་ཡང་ འགོ་བཙུགས་ཡོདཔ་ཨིན་པས།
ཐའི་ལེནཌ་གི་ བློན་ཆེན་དང་ འཐུས་མི་སྡེ་ཚན་དེ་ ད་རིས་ རྒྱལ་ཁབ་ནང་ ལོག་འབྱོན་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *