༉ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ མགྲོན་བརྡ་ཕུལཝ་བཞིན་དུ་ ཐའི་ལེནཌ་རྒྱལ་བརྒྱུད་རྒྱལ་ཁབ་ཀྱི་བློན་ཆེན་ གུང་བློན་པར་ཡུཊ་ཅཱན་ཨོ་ཅ་དེ་ ཉིན་གྲངས་༢ ཀྱི་ གཞུང་དོན་གཟིགས་སྐོར་ནང་ ད་རིས་ འབྲུག་ལུ་ ཕེབས་ནི་ཨིན་པས།
ཐའི་ལེནཌ་གི་ བློན་ཆེན་དང་ ཕྱག་ཞུ་སྟེ་ ཁོ་གི་ཨམ་ མཁས་དབང་མཉམ་འབྲེལ་བ་ ན་ར་པོརན་ ཅཱན་ཨོ་ཅ་ ཕྱི་འབྲེལ་བློན་པོ་ ཌོན་པར་བུཌ་ཝི་ནའི་ དེ་ལས་ ཐའི་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་ཡོདཔ་ཨིན་པས།
ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ ཐའི་ལེནཌ་གི་བློན་ཆེན་ གུང་བློན་པར་ཡུཊ་ཅཱན་ཨོ་ཅ་གིས་ འབྲུག་ལུ་ གཞུང་འབྲེལ་གཟིགས་སྐོར་གནང་མི་དེ་ འགོ་དང་པ་ཨིན་ཟེར་ བཀོད་ནུག།
ཐའི་ལེནཌ་གི་ བློན་ཆེན་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་མདུན་ལུ་ བཅར་ནི་གི་ ལས་རིམ་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ བཞུགས་རིང་ལུ་ ཐའི་ལེནཌ་གི་ བློན་ཆེན་གྱིས་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་དང་གཅིག་ཁར་ ཚོང་འབྲེལ་དང་ མ་རྩ་འཛུགས་སྤྱོད་ མི་མང་གསོ་བའི་འཕྲོད་བསྟེན་ སོ་ནམ་ དཔལ་འབྱོར་རང་ལྡང་གི་ ལྟ་བ་ཚུ་གི་སྐོར་ལས་ གསུང་གྲོས་གནང་ནི་གི་ རེ་བ་ཡོདཔ་ཨིན་པས།
འབྲུག་དང་ ཐའི་ལེནཌ་རྒྱལ་ཁབ་གཉིས་ཀྱི་བར་ན་ མཛའ་བརྩེ་མཐུན་ལམ་ ལེགས་ཤོམ་ཡོདཔ་བཞིན་དུ་ རྒྱལ་ཁབ་༢ ཀྱིས་ ཕྱི་འབྲེལ་དོན་གཅོད་མཐུན་ལམ་དེ་ སྤྱི་ལོ་༡༩༨༩ ལུ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ཐའི་ལེནཌ་གི་ བློན་ཆེན་མཆོག་གི་ གཞུང་དོན་གཟིགས་སྐོར་དེ་ རྒྱལ་བརྒྱུད་རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་ལམ་དམ་ཟབ་གནས་ཡོད་མི་དེ་ནང་ བྱུང་རབས་ནང་ཚུད་པའི་ མཛད་རིམ་གལ་གནད་ཅིག་ཨིན་མི་དེ་ཡང་ གཟིགས་སྐོར་ལུ་བརྟེན་ མི་དབང་སྐུ་འཁོར་ཚུ་གིས་གཙོས་པའི་ རྒྱལ་ཁབ་༢ ཀྱི་ གཞུང་དང་ དབུ་ཁྲིད་ མི་སེར་ཚུ་གི་བར་ན་ཡོད་མི་ མཐུན་ལམ་དམ་ཟབ་དང་ ལེགས་སྨོན་དེ་ ལྷག་པར་དུ་ རྩ་བརྟན་དང་ ནུས་ཤུགས་ཅན་ བཟོ་འོང་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་ཡོད་པའི་གནས་ཚུལ།

ཐའི་ལེནཌ་རྒྱལ་བརྒྱུད་རྒྱལ་ཁབ་ཀྱི་བློན་ཆེན་ གུང་བློན་པར་ཡུཊ་ཅཱན་ཨོ་ཅ།