ཐབས་ལམ་བཏོན་མི་གིས་ འཕྲལ་ལུ་ཁེ་ཕན་ཡོད་རུང་ ཡུན་བརྟན་མི་འོང་ནི།

༉ སོ་ནམ་ཞིང་པ་ཚུ་གིས་ དངུལ་ཐོག་ཨ་ལཱན་ཅི་ ཕྱི་ནང་གཉིས་ཆ་རའི་ནང་ བཙོང་མ་ཚུགས་པར་ ལུས་མི་ཚུ་ གཞུང་གིས་ ཉོ་ནི་སྦེ་ གསལ་བསྒྲགས་འབད་དེ་འདུག།
ད་རེས་ནངས་པར་ ཨ་ལཱན་ཅིའི་ གོང་ཚད་ལེགས་ཤོམ་མེདཔ་ལས་ ཕྱིར་ཚོང་འཐབ་མ་ཚུགས་པར་ ང་བཅས་རའི་ སོ་ནམ་པ་ཚུ་ ནང་དོག་སྟེ་ སྤྱགས་སྡུག་འཐབ་པའི་ ནམ་དུས་ལུ་ གཞུང་གིས་ བར་འཛུལ་ཐོག་ ཨ་ལཱན་ཅི་ འཛུགས་སྐྱོང་འབད་མི་ཚུ་ལས་ ཉོ་ནི་གི་ ཐབས་ལམ་སྒྲིག་མི་དེ་ ལེགས་ཤོམ་ཅིག་ཨིན་མས།
འདི་འབདཝ་ད་ སོ་ནམ་པ་ཚུ་ལས་ དངུལ་ཐོག་ཉོ་ནི་དང་འབྲེལ་ ཁྱད་ཚད་ཅིག་ བཟོ་ཡོད་མི་གུ་ དུས་ཚོད་གངམ་མ་བྱིནམ་ལས་ ཁེ་གྱོང་པ་ཚུ་ལུ་ གདོང་ལེན་འབྱུང་ནི་བཟུམ་ཅིག་ ཡོད་མི་དེ་ཡང་ གཞུང་གིས་ དངུལ་ཐོག་ཐོན་སྐྱེད་འབད་མི་ རྫོང་ཁག་༡༥ ལུ་ དུས་ཡུན་མཇུག་ར་ ད་རེས་ སྤྱི་ཟླ་༡༢ པའི་ཚེས་༡༥ འི་ནང་འཁོད་ལུ་ སོ་ནམ་པ་ཚུ་གི་ མིང་ཐོ་ཚུ་ སོ་ནམ་ལྷན་ཁག་ལུ་ གཏང་དགོཔ་སྦེ་ ཁྱབ་བསྒྲགས་འབད་ནི་དེ་གིས་ཨིན་མས།
སོ་ནམ་པ་ཚུ་གིས་ རང་སོའི་ཨ་ལཱན་ཅི་ཚུ་ གཞུང་ལུ་ བཙོང་ནིའི་དོན་ལུ་ ཁྱད་ཆོས་༤ ཚང་དགོ་མི་དེ་ཡང་ ཟླཝ་༣ མ་ལང་མི་ ཨ་ལཱན་ཅིའི་ ཐོན་སྐྱེད་གསརཔ་དང་ ལེགས་ཤོམ་སྦེ་ སྐམ་སྐམ་དགོ་ནི་ དེ་ལས་ ཐོན་སྐྱེད་གསར་རྙིང་༢ སླ་བསྲེས་མེདཔ་དགོ་ཟེར་ཨིན་མས།
འདི་བཟུམ་ཐབས་ཤེས་བཏོན་མི་དེ་ལུ་ ཡིད་ཆེས་ངལ་རངས་ཡོད་རུང་ འཚབ་འཚབ་རིལ་རི་སྦེ་ བྱ་སྒོ་འཐབ་མི་དེ་ ཚུལ་ལྡན་ཅིག་ མི་མཐོངམ་མས། ག་འཆརཔ་ཟེར་བ་ཅིན་ སོ་ནམ་ལྷན་ཁག་གིས་ ཁྱབ་བསྒྲགས་འབད་མི་དེ་ ལྷན་ཁག་ནང་འཁོད་ཀྱི་ ལས་སྡེ་ཚུ་ལུ་ ཤེས་རྟོགས་མེད་པ་ཅིན་ རྫོང་ཁག་༡༥ འི་སོ་ནམ་པ་ཚུ་ལུ་ དུས་ཡུན་ཉིནམ་༣ གྱི་ནང་འཁོད་ལུ་ བརྡ་དོན་སྤྲོད་ཚུགས་པར་ ལཱ་ཁག་གཏང་ནི་ཨིནམ་ལས་ དེ་གིས་ སོ་ནམ་པ་ཚུ་ལུ་ ཧེང་སྐལ་ར་ བྱ་སྟབས་མ་བདེཝ་ བཟོ་ནི་བཟུམ་མཐོངམ་མས།
ཨ་ལཱན་ཅི་ཚོང་འབྲེལ་འཐབ་མ་ཚུགས་པའི་ དཀའ་ངལ་དེ་ར་ འཕྲལ་ཁམས་ཅིག་ཁར་ གོང་ཚད་ལེགས་ཤོམ་མེད་མི་ལུ་བརྟེན་ ཕུན་ཚོགས་གླིང་ལུ་ ཕྱིར་ཚོང་རྩ་བ་ལས་ མཚམས་འཇོག་འབད་དེ་ བཞག་པའི་ཤུལ་ལས་ གཞུང་གིས་ ཐེ་གཏོགས་འབད་མི་དེ་ གནས་སྐབས་ཅིག་གི་ ཐབས་ལམ་ཨིན་མི་དེ་ཡང་ སོ་ནམ་པ་ཚུ་ལུ་ ཅ་དམ་དང་འབྲེལ་བའི་ དཀའ་ངལ་བྱུང་མི་དེ་ སེལ་ཐབས་ལུ་ཨིན་མས།
ཨ་ལཱན་ཅི་ཕྱིར་ཚོང་གི་ དཀའ་ངལ་དེ་ འཕྲལ་ཁམས་ལུ་བྱུང་པའི་ གནད་དོན་ཅིག་མེན་པར་ ན་ཧིང་ སྤྱི་ཟླ་༧ པའི་ནང་ རྒྱ་གར་གྱིས་ ཅ་དངོས་ཞབས་ཏོག་གི་ཁྲལ་ བསྟར་སྤྱོད་འབད་ནི་ འགོ་བཙུགས་ཞིནམ་ལས་ཚུར་ སྟབས་མ་བདེཝ་འཐོན་ནི་ འགོ་བཙུགས་ཡོདཔ་ལས་ ད་རེས་གཞུང་གིས་ ཐེ་གཏོགས་འབད་རུང་ གནས་སྐབས་ཅིག་མ་གཏོགས་ ཡུན་བརྟན་སྦེ་ དཀའ་ངལ་སེལ་མི་ཚུགས།
གོང་ལུ་བཀོད་དོ་བཟུམ་ སོ་ནམ་ལྷན་ཁག་གིས་ ཚོང་འབྲེལ་འཐབ་མ་ཚུགས་པར་ལུས་མི་ ཨ་ལཱན་ཅི་ཚུ་ སོ་ནམ་པ་ཚུ་ལས་ ལོག་ཉོ་མི་དེ་གིས་ སོ་ནམ་པ་ཚུ་ལུ་ གྱོང་རྒུད་ཕོག་ནི་ལས་ ཉེན་སྐྱོབ་འབད་ཚུགས་ནི་ཨིན་རུང་ ཨ་ལཱན་ཅི་བཙོང་ནིའི་དོན་ལུ་ མིང་ཐོ་བཙུགས་ནི་གི་ ཞག་དུས་ཉིནམ་༣ ལས་བརྒལ་ མ་བྱིན་པའི་ཁར་ སོ་ནམ་ཞིང་པ་ཚུ་གི་ དཀའ་ངལ་དེ་ སོ་ནམ་ལྷན་ཁག་ལུ་ སྤོ་སོར་འབད་མི་དེ་གིས་ཡང་ དཀའ་ངལ་སེལ་ཚུགས་ནི་བཟུམ་ མི་མཐོངམ་མས།
རྒྱུ་མཚན་དེ་ལུ་བརྟེན་ གཞུང་ལས་ ཐབས་ལམ་ག་ཅི་ར་བཏོན་རུང་ གློ་བུར་དུ་མེན་པར་ ལེགས་ཤོམ་སྦེ་ བརྟག་ཞིབ་འབད་དེ་ ཡུན་བརྟན་གྱི་ ཐབས་བྱུས་བརྩམས་ཐོག་ལས་ དཀའ་ངལ་སེལ་འབད་དགོ།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *