ཐབས་བྱུས་དང་ ལྟ་བ་ག་དེ་སྦེ་ཡོད་རུང་ མི་སེར་ཚུ་གིས་ ཐག་བཅད་འོང་ཟེར་ སྲིད་དོན་ཚོགས་པ་ཚུ་གིས་ བཤད་ཡོདཔ།

༉ འབྲུག་ཕུན་སུམ་ཚོགས་པ་གིས་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ནང་ དྲང་བདེན་འཐོབ་ནིའི་དོན་ལུ་ ཚོགས་པའི་གཞི་རྩ་ལུ་ གཙོ་བོ་བཏོན་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༣༡ ལུ་ ལྡོག་ཕྱོགས་ཚོགས་པ་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ གནས་ཚུལ་ཞལ་འཛོམས་འཚོགསཔ་ད་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ ཌོག་ཊར་པདྨ་རྒྱ་མཚོ་གིས་ བཤད་ཡོདཔ་ད་ ཚོགས་པའི་ལྟ་བ་དང་ ཁས་བླངས་ཚུ་ ཁུངས་བསྐྱལ་ཐོག་ལས་ མི་སེར་ཚུ་ལུ་ ལེགས་ཤོམ་སྦེ་ བཤད་ནི་མ་གཏོགས་ ཚོགས་པ་གཞན་ཚུ་གི་སྐོར་ལས་ ལོ་རྒྱུས་སླབ་དགོཔ་མེད་ཟེར་ཨིན་པས།
གཙོ་འཛིན་གྱིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པའི་ མིང་གཏམ་མེདཔ་གཏང་ནི་དང་ བཏོན་གཏང་ནིའི་ དཔའ་བཅའ་ནི་ཚུ་ མཐར་འཁྱོལ་འགྱོ་མི་ཚུགས་ཟེར་ཨིནམ་ད་ མི་ཚུ་གིས་ ད་རེས་ ཚོགས་པའི་གཞི་རྩ་ལུ་ བློ་གཏད་དང་ ཡིད་ཆེས་བྱུང་སྟེ་འདུག་ཟེར་ཨིན་པས།
ཚོགས་རྒྱན་འཐོབ་ནིའི་དོན་ལུ་ ཤོབ་རྐྱབ་ནི་དང་ འདྲོག་བྱེལ་ དེ་ལས་ གྲུབ་མ་བཙུགས་མི་ཚུ་ ཁས་ལེན་མ་འབད་བར་ ཚོགས་པ་གིས་ དྲང་བདེན་འཐོབ་ནིའི་དོན་ལུ་ གདོང་ལེན་འབད་ནི་ཨིན་ཟེར་ གཙོ་འཛིན་གྱིས་ བཤད་ཅི།
རྒྱལ་ཁབ་ཀྱི་ དཀའ་ངལ་དང་ ངན་ལྷད་བཀག་ནིའི་སྐོར་ལས་ གཙོ་འཛིན་གྱིས་ བཤད་མིའི་ནང་ སྲིད་དོན་ཚོགས་པ་ཚུ་གིས་ བཙག་འཐུ་འགོ་མ་བཙུགས་པའི་ཧེ་མར་ ཚོགས་པའི་ཁས་བླངས་ཚུ་ འབད་མི་ཆོག་ཟེར་ཨིན་པས།
ད་རེས་ནངས་པར་ སྲིད་དོན་ཚོགས་པ་ལ་ལོ་ཅིག་ ས་གནས་ཐདམ་ཐད་ཁར་སོང་སྟེ་ གནམ་ཁའི་ཉིམ་དང་ སྐར་མ་ཚུ་ ཕབ་བྱིན་ནི་གི་ ཁས་བླངས་འབད་དོ་བཟུམ་ མཐོང་ཡོདཔ་ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ཁས་བླངས་ཚུ་ འོས་འབབ་ཡོད་མི་དང་ འབད་ཚུགས་མི་ཚུ་ ཤེས་རྟོགས་བྱུང་སྟེ་འདུག་ཟེར་ པདྨ་རྒྱ་མཚོ་གིས་ བཤད་ཅི།
ཁོ་གིས་ གཞུང་དེ་ དགོད་བྲ་དང་ མོ་བཏབ་ དེ་ལས་ ལཱ་བཏུབ་མ་བཏུབ་ བལྟ་ནི་གི་ ཞིབ་འཚོལ་ཁང་མེན་ཟེར་ ག་ར་གིས་ ཤེས་དགོཔ་དེ་ ཁག་ཆེ་ཟེར་ བཤད་པའི་ཁར་ ཧེ་མ་ འབྲུག་ཕུན་སུམ་ཚོགས་གཞུང་གིས་ ཁས་བླངས་འབད་མི་ཚུ་ ག་ར་གྲུབ་ཚུགས་ཡོདཔ་མ་ཚད་ ད་རིས་ ཚོགས་པའི་ཁས་བླངས་དེ་ཡང་ ཕུགས་ཀྱི་མཐའ་དོན་ལུ་དམིགས་ཏེ་ བཟོ་ཡི་ཟེར་ཨིན་པས།
ཚོགས་པའི་གཙོ་འཛིན་འོགམ་ ཨོ་རྒྱན་དབང་འདུས་ཀྱིས་ སླབ་མིའི་ནང་ ཚོགས་པའི་གཞི་རྩ་དེ་ཡང་ མ་འོངས་ཡུན་རིང་གི་ ཁས་བླངས་བཟོ་ཐོག་ལས་ མི་སེར་ཚུ་ལུ་ ལེགས་ཤོམ་སྦེ་ ཕྱག་ཞུ་ནི་དེ་ ཨིནམ་བཞིན་དུ་ ཚོགས་པའི་འཆར་སྣང་དེ་ ཚོགས་རྒྱན་འཐོབ་ནིའི་དོན་ལུ་ དུས་ཐུང་གི་ ཁས་བླངས་མེན་པར་ དུས་རིང་གི་དོན་ལུ་ཨིནམ་ལས་ འདྲ་མཉམ་དང་ དྲང་བདེན་གྱི་ གཞི་རྩ་ལུ་ གཙོ་རིམ་བཟུང་ནི་ཨིན་ཟེར་ཨིན་པས།
གསོ་བའི་བློན་པོ་བགྲེསཔ་ བཟང་ལེགས་འབྲུག་པ་གིས་འབད་བ་ཅིན་ སྲིད་དོན་ཚོགས་པ་ ལ་ལོ་ཅིག་གིས་ ཞག་གཅིག་ནང་ བསྒྱུར་བཅོས་འབད་ནིའི་ ཁས་བླངས་འབད་མི་ལུ་ བློ་ཕམ་བྱུང་ཡི་ཟེར་ཨིནམ་ད་ ཚོགས་པ་ཚུ་གིས་ མ་བདེན་པའི་ ཁས་བླངས་འབད་དེ་ མི་སེར་ཚུ་གི་ བློ་གཏད་ཡིད་ཆེས་ ཉམས་བཅུགཔ་མས་ཟེར་ཨིན་པས།
ཨིན་རུང་ འབྲུག་མཉམ་རུབ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ བསྟན་འཛིན་ལེགས་འཕེལ་གྱིས་ སླབ་མིའི་ནང་ ཁོ་གི་ ཚོགས་པ་གིས་ ད་རེས་ སྐུལ་བསྒྲགས་ཚུ་ མ་འབད་བའི་ཁར་ ཁས་བླངས་ཚུ་ཡང་ མ་འབད་ཟེར་ཨིནམ་ད་ ཌོག་ཊར་བློ་གྲོས་ཚེ་རིང་དེ་ ཚོགས་པའི་གཙོ་འཛིན་ཅིག་འབདཝ་ལས་ ཁོ་ར་ ལོ་༢༠ ཞི་གཡོགཔ་སྦེ་ སྡོད་པའི་སྐབས་ ཕྱུགཔོ་དང་ སྤྱང་ཀའི་བར་ན་ ཁྱད་པར་ཆགས་མི་དེ་ སེལ་ནི་རན་ཡོད་པའི་ མངོན་གསལ་བྱུང་ནུག་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་མཉམ་རུབ་ཚོགས་པ་ ཉམས་མྱོང་ཡོད་མེད་དེ་ མི་སེར་ཚུ་གིས་ དབྱེ་ཞིབ་འབད་འོང་ཟེར་ཨིནམ་ད་ ཚོགས་པ་གིས་ འདས་པའི་གཞུང་༢ ཀྱི་ ནོར་སྐྱོན་མཐོང་མི་ཚུ་ བཅོ་ཁ་རྐྱབ་ཐོག་ལས་ མི་སེར་ཚུ་གི་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ནི་ལུ་ ཞི་བདེ་དང་ དགའ་སྐྱིད་ཀྱི་ རེ་བ་ཚུ་ བྱིན་ནི་ཨིན་ཟེར་ཨིན་པས།
བསྟན་འཛིན་ལེགས་འཕེལ་གྱིས་ སླབ་མིའི་ནང་ འདས་པའི་གཞུང་གིས་ སྲོལ་ཁྱུན་ངན་པ་ བཙུགས་མི་ཚུ་ལུ་ མིག་དཔེ་སྟོན་ནི་ཨིནམ་ལས་ གདམ་ཁ་རྐྱབ་ནི་དེ་ འབྲུག་མི་ཚུ་ལུ་ བཞག་སྟེ་ཡོད་ཟེར་ཨིན་པས།
འབྲུག་ཀུན་མཉམ་ཚོགས་པའི་མགྲིན་ཚབ་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ སྲིད་དོན་ཚོགས་པ་ཚུ་གིས་ སླབ་མི་དེ་ ཁོང་རའི་དབང་ཚད་ཨིནམ་བཞིན་དུ་ གཞུང་གསརཔ་དེ་ ག་འོང་ནི་ཨིན་ན་ མི་ཚུ་གིས་ གྲོས་ཐག་བཅད་འོང་ཟེར་ཨིན་པས།
འབྲུག་ཀུན་མཉམ་ཚོགས་པ་གིས་ དམངས་གཙོའི་རིང་ལུགས་དེ་ ཡར་དྲག་གཏང་ཐབས་ལུ་ མི་སེར་ཚུ་ལུ་ གདམ་ཁ་རྐྱབ་བཅུག་ནི་ལུ་ གྲ་སྒྲིག་སོང་སྟེ་ཡོད་ཟེར་ བསོད་ནམས་སྟོབས་རྒྱས་ཀྱིས་ བཤད་ཅི།
མི་སེར་དམངས་གཙོ་ཚོགས་པའི་ ཡོངས་ཁྱབ་མདོ་ཆེན་ བསོད་ནམས་རྒྱ་མཚོ་གིས་ ཚོགས་པའི་ནང་ འདེམས་ངོ་ག་ར་ ཉམས་མྱོང་ཅན་དང་ ལྕོགས་གྲུབ་ཅན་ཙང་ཙ་ཡོད་པའི་ཁར་ ཁྱད་རིག་ལྡན་པའི་ འདེམས་ངོ་ཨམ་སྲུ་ ཞབས་ཏོག་བློན་བགྲེསཔ་ རྡོ་རྗེ་ཆོས་སྒྲོན་ཡོད་ཟེར་ བཤད་ཡོད།
ཚོགས་པའི་འཐུས་མི་ རིག་འཛིན་རྒྱ་མཚོ་གིས་ བསམ་འཆར་བཀོད་མིའི་ནང་ ད་རེས་ ཁྲོམ་ཁ་ལས་ཕར་ ཕན་ཚུན་ཚོགས་པ་གཉིས་ཀྱི་སྐོར་ལས་ འཐོར་གཏམ་ཚུ་ སླབ་མས་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *