ཐབ་ཤིང་དང་ ཤིང་ཆས་མང་སུ་ སྤྱོད་དོ་ཡོདཔ།

༉ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱི་ སྤྱི་ལོ་༢༠༡༧ ལོའི་རྒྱལ་ཁམས་ཀྱི་ རང་བཞིན་གནས་སྟངས་སྙན་ཞུ་དང་འཁྲིལཝ་ད་ ནགས་ཚལ་ལས་ ཐབ་ཤིང་དང་ ཤིང་ཆས་བཏོན་མི་དེ་ མཐོ་ཤོས་སྦེ་ ཡོདཔ་ཨིན་པས།
ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༥ ལུ་ ལོ་རེ་ནང་ འཐུང་ཆུའི་དོན་ལུ་ ཨེམ་སི་ཨེམ་༣༦.༠༩ རེ་ དགོ་མི་དེ་ སྤྱི་ལོ་༢༠༣༠ ལུ་༧༧.༦༨ ལུ་ ཡར་སེང་འགྱོ་ནིའི་ ཚོད་དཔག་འབད་ཡོདཔ་ཨིན་པས།
དེ་ལས་ ཨ་རིང་གི་དོན་ལུ་ ད་རེས་ ཨེམ་སི་ཨེམ་༦༦༦.༩ རེ་ དགོ་མི་དེ་ སྤྱི་ལོ་༢༠༣༠ ལས་༩༡༡.༨ གུ་ ཡར་སེང་འགྱོ་ནི་ཨིནམ་ད་ བཟོ་གྲྭ་ཁང་དང་ གཞན་དོན་ལུ་ ད་རེས་༧༤.༣༩ ཡོད་མི་དེ་ སྤྱི་ལོ་༢༠༣༠ ལུ་༢༡༨.༣༥ ལུ་ ཡར་སེང་འགྱོ་ནི་ཨིན་པས།
རྒྱལ་ཁབ་ནང་ རྫས་སྦྱོར་ལག་ལེན་འཐབ་མི་ལུ་བརྟེན་ གཙང་ཆུ་ལུ་ བཙོག་པ་ཞུགས་མི་དེ་ཡང་ སྤྱི་ལོ་༢༠༡༧ ལུ་ རྫས་སྦྱོར་མེ་ཊིག་ཊཱོན་༢༨༨༣.༣ བཀྲམ་སྤེལ་འབད་མི་ལས་ ཡུ་རི་ཡ་མེ་ཊིག་ཊཱོན་༡༢༧༣.༧ དང་ ཨེསི་ཨིསི་པི་མེ་ཊིག་ཊཱོན་༢༠༧.༣ སུ་ཕ་ལ་མེ་ཊིག་ཊཱོན་༡༣༨༥.༧ དང་ ཨེམ་ཨོ་པི་མེ་ཊིག་ཊཱོན་༡༤.༦ དང་ བཱོན་མཱིལ་མེ་ཊིག་ཊཱོན་༡.༡༠ བཀྲམ་སྤེལ་འབད་ཡོདཔ་ཨིན་པས།
ཆུ་འཛིན་སྐྱོང་འབད་དེ་ཡོད་མི་ ཆུ་རྐ་ཨ་མོ་ཆུ་དང་ ཝང་ཆུ་ སྤུ་ན་གཙང་ཆུ་ མང་སྡེ་ཆུ་དང་ གྲང་མེད་ཆུ་ཚུ་ལས་ ཆུ་ཤུགས་ལོ་བསྟར་བཞིན་དུ་ཨེམ་སི་ཨེམ་༢༢༣༨.༠ རེ་ འབབ་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦ ལོའི་ སའི་རང་བཞིན་གནས་སྟངས་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༥ ལུ་ ནགས་ཚལ་ཧེག་ཊར་༩༣༧.༤༡ དེ་ཅིག་ ལོ་ཐོག་དང་རྩྭ་ དེ་ལས་ གཞིས་ཆགས་ས་དང་ གཞན་སའི་རིགས་ལུ་ བསྒྱུར་བཅོས་འབད་ཡོདཔ་ཨིན་པས།
ཤིང་ཆས་བཀྲམ་སྤེལ་འབད་མིའི་ཐད་ལུ་ ལུང་ཕྱོགས་ནགས་ཚལ་ལས་ཁུངས་ཀྱིས་ ཐབ་ཤིང་བཀྲམ་སྤེལ་འབད་མི་དེ་ མཐོ་ཤོས་ཡོདཔ་ཨིན་པས།
ཕྱགས་སྙིགས་ཐོན་སྐྱེད་ཐད་ ཐིམ་ཕུག་ཁྲོམ་སྡེ་གིས་ ཉིནམ་རེ་ནང་ མི་ཅིག་གིས་ ཕྱགས་སྙིགས་གཱ་རམ་༡༧༤ དེ་ཅིག་ ཐོན་སྐྱེད་འབད་དོ་ཡོདཔ་ཨིན་པས།
གཡག་དང་ནོར་གྱི་གྱངས་ཁ་ལས་ བཅད་པ་ཅིན་ སྤྱི་ལོ་༢༠༠༦ ལས་༢༠༡༧ གྱི་བར་ན་ སེམས་ཅན་དེ་གཉིས་ཀྱི་ གྱངས་ཚད་ལུ་ བསྒྱུར་བཅོས་དེ་ཅིག་མེད་རུང་ ནོར་གྱི་གྱངས་ཁ་དེ་ མཐོ་ཤོས་ཡོདཔ་ཨིན་པས།
དེ་ལས་ ནགས་ཚལ་འཛིན་སྐྱོང་གི་ འོག་ལུ་ཚུད་མི་ ས་ཆའི་ཐད་ བུམ་ཐང་རྫོང་ཁག་ལུ་ མཐོ་དོ་ཡོད་པའི་ཁར་ བཀྲིས་གཡང་རྩེ་ལུ་ ཉུང་ཤོས་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *