ལྷ་འཛོམས་ཀྱིས་ ཐགས་འཐག་པའི་བསྒང་།

ཐགས་ལཱ་འབད་དེ་ བཟའ་ཚང་འཚོ་སྐྱོང་འཐབ་དོ་ཡོདཔ།

༉ སྐྱེས་ལོ་༤༥ ལང་མི་ ལྷ་འཛོམས་ཀྱིས་ ཉིན་བསྟར་བཞིན་དུ་ དྲོ་པའི་ཆུ་ཚོད་ཕྱེད་དང་༥ ལུ་ ལོང་ཞིནམ་ལས་ ཐགས་ལཱ་འགོ་བཙུགས་མི་དེ་གིས་ ཕྱི་རུའི་ཆུ་ཚོད་༧ ཚུན་ རྩ་འགེངས་ཏེ་ ཐགས་འཐག་དོ་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ སློབ་གྲྭ་ནང་འགྱོ་མི་ མོ་རའི་ཨ་ལོ་༤ གི་ ཟད་འགྲོ་གཏང་ནིའི་དོན་ལུ་ ཨིན་པས།
ལྷུན་རྩེ་ རྒྱ་རས་རྒེད་འོག་ ངང་ངེ་གཡུས་ཚན་ལས་ཨིན་མི་ ལྷ་འཛོམས་ཀྱིས་ ད་རེས་ནངས་པར་ གོ་ལ་ཨའེ་ཀ་པུར་ཅིག་ འཐག་པའི་བསྒང་ཡོད་མི་དེ་ ཐིམ་ཕུག་ལུ་སྡོད་མི་ ཚོང་པ་ཅིག་གིས་ གླ་ཆ་སྤྲོད་དེ་ འཐག་བཅུག་དོ་ཡོདཔ་ཨིན་པས།
མོ་གིས་ ཨའེ་ཀ་པུར་ བྱང་ཐགས་རེ་ལུ་ གླ་ཆ་དངུལ་ཀྲམ་༢༠,༠༠༠ རེ་སྦེ་ འཐག་དོ་ཡོདཔ་ཨིན་པས།
ད་ལྟོ་ཚུན་ ལྷ་འཛོམས་ཀྱིས་ གོ་ལ་འཐགས་མི་ཚུ་ ཨའེ་ཀ་པུར་དང་ ལུང་སེརམ་ སྨན་རྩི་དམར་ཁྲ་ཚུ་ཨིན་པས།
དེ་མ་ཚད་ ཕོ་སྐྱེས་ཚུ་གིས་གྱོན་མི་ གོ་ལ་གྲོང་རྩི་ཅནམ་ཚུ་ཡང་ འཐག་དོ་ཡོདཔ་ཨིན་པས།
ལྷ་འཛོམས་ཀྱིས་ རྩ་འགེངས་ཏེ་ ཐགས་ལཱ་འབད་དགོ་མི་དེ་ཡང་ བཟའ་ཚང་གསོ་སྐྱོང་ འཐབ་དགོ་ནི་དེ་གིས་ཨིན་པས།
ལྷ་འཛོམས་ཀྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ སྐུད་ཤུ་ཐགས་རས་དང་ ཨའེ་ཀ་པུར་ཚུ་འཐག་སྟེ་ ཏི་རུ་ཐོབ་མི་དེ་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་༤ གི་དོན་ལུ་ ཟད་འགྲོ་བཏངམ་ཨིན་ཟེར་ཨིན་པས།
མོ་གིས་ སླབ་མི་དང་འཁྲིལཝ་ད་ གཞན་དལ་གཞི་ ཨ་ལོ་༤ གི་ཨ་པ་དེ་ མ་གྱོངས་པའི་ཧེ་མར་ སོ་ནམ་གྱི་ ཞིང་ལཱ་ཚུ་འབད་ནི་དང་ ཁྱིམ་ནང་འབད་དགོཔ་བཅའ་དགོཔ་ཚུ་ག་ར་ ཁོ་གིས་ འབད་དོ་ཡོད་རུང་ ལོ་ཕྱེད་དང་༢ ཀྱི་ཧེ་མར་ གྱོངས་སོཔ་ལས་ འགན་ཁུར་ཐེབས་ཕོག་སྟེ་ཡོད་ཟེར་ཨིན་པས།
མོ་གིས་ ལོ་རེ་ནང་ ཨའེ་ཀ་པུར་གོ་༢ འཐགཔ་ད་ འོང་འབབ་དངུལ་ཀྲམ་༡༦༠,༠༠༠ དེ་ཅིག་ བཟོ་ཚུགས་མི་ དེ་གིས་ ཨ་ལོའི་ཟད་འགྲོ་དང་ ཁྱིམ་ནང་གི་ བཟའ་འཐུང་གི་རིགས་ཚུ་ མཁོ་སྒྲུབ་འབད་ཚུགསཔ་མ་ཚད་ དངུལ་ཁང་ནང་ དུམ་གྲ་རེ་ གསོག་འཇོག་འབད་ཚུགས་པས་ཟེར་ སླབ་ཨིན་པས།
མོ་གིས་ གོ་ལ་ཚུ་ མང་ཤོས་ར་ ཐིམ་ཕུག་ལུ་སྡོད་མི་ ཚོང་པ་ཅིག་ལས་ གླ་ཆ་ལེན་ཏེ་ འཐག་དོ་ཡོདཔ་ཨིན་པས།
མོ་ལུ་ ཨ་ལོ་༤ ཡོད་མིའི་གྲས་ལས་ བུ་༡ དང་བུམོ་༣ ཡོདཔ་ད་ བུམོ་སྦོམ་ཤོས་ཀྱིས་ དུས་ཅི་ དབང་འདུས་ རང་བཞིན་སླར་འབྱུང་ཐོན་སྐྱེད་སྤེལ་ཁང་ནང་ ལོ་༣ གྱི་རིང་ མཐོ་རིམ་ཤེས་ཡོན་སྦྱང་ནིའི་ གོ་སྐབས་ཐོབ་ཡོདཔ་ཨིན་པས།
བུཚ་ཅིག་གིས་ སློབ་རིམ་༡༡ པ་ལྷབ་པའི་ཤུལ་ལས་ ད་རེས་ནངས་པར་ ཁག་འབག་གི་ལཱ་ འབད་དོ་ཡོདཔ་ཨིན་པས།
ཨའུ་མཚོ་སློབ་གྲྭ་ལྟེ་བའི་ནང་ སློབ་རིམ་༩ པ་དང་ སློབ་རིམ་༧ པའི་ནང་ དཔེ་ཆ་ལྟ་བའི་བསྒང་ཡོད་མི་ བུམོ་༢ ཀྱིས་ཡང་ གནམ་བྱཱར་དང་ དགུན་གྱི་ སློབ་གྲྭའི་ངལ་གསོ་སྐབས་ ཨའི་གི་ཆ་རོགས་སྦེ་ ཐགས་འཐག་དོ་ཡོདཔ་ ཨིན་པའི་གནས་ཚུལ།

རྒྱ་རས་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *