ཐག་མ་བཏོག་པའི་ཧེ་མར་ ཕན་གནོད་ཚུ་ རྩོད་འགྲན་འབད་དགོཔ་ཁག་ཆེ།

༉ ད་རེས་ གཞུང་སྐྱོང་ཚོགས་པ་གིས་ བི་བི་ཨའེ་ཨེན་ཟེར་ བང་ལ་དེཤ་དང་ འབྲུག་ རྒྱ་གར་ དེ་ལས་ ནེ་པཱལ་རྒྱལ་ཁབ་༤ གི་བར་ན་ ཐོགས་ཆགས་མེད་པའི་ སྣུམ་འཁོར་རྒྱུན་འགྲུལ་འཐབ་ནིའི་ ཆིངས་ཡིག་དེ་ བསྐྱར་ཞིབ་ཐོག་ གསུང་གྲོས་གནང་འོང་ཟེར་ གསུངས་པའི་ཤུལ་ལས་ ད་རུང་ མི་སྡེ་བརྡ་བརྒྱུད་ནང་ རྩོད་འགྲན་འབད་ནི་ འགོ་བཙུགས་ནུག།
དེ་ཡང་ འདས་པའི་རེས་གཟའ་སྤེན་པ་ལུ་ གཞུང་དང་བརྡ་བརྒྱུད་ཀྱི་བར་ན་ གནས་ཚུལ་ཞལ་འཛོམས་འགོ་དང་པ་ འཚོགས་པའི་སྐབས་ ཕྱི་འབྲེལ་བློན་པོ་གིས་ ན་ཧིང་ སྤྱི་ཟླ་༦ པའི་ཚེས་༡༥ ལུ་ འདས་པའི་སྤྱི་ཚོགས་ནང་ ཕྱིར་འགྱངས་འབད་དེ་བཞག་མི་ བི་བི་ཨའེ་ཨེན་གྱི་ ཆིངས་ཡིག་སྐོར་ལས་ ལོག་གསུང་གྲོས་གནང་འོང་ཟེར་ བཤད་ནི་དེ་གིས་ཨིན་མས།
གཞུང་གིས་འབདབ་ཅིན་ ཐོགས་ཆགས་མེད་པའི་ སྣུམ་འཁོར་རྒྱུན་འགྲུལ་གྱི་ ཆིངས་ཡིག་གུ་ རྒྱལ་ཁབ་གསུམ་གྱིས་ རྒྱབ་སྣོན་ཆ་འཇོག་འབད་ཡོད་རུང་ འབྲུག་གིས་ རྒྱབ་སྐྱོར་མ་འབད་བར་ བཞག་མི་མི་ལུ་བརྟེན་ འབྲུག་པའི་སྣུམ་འཁོར་ཊཱག་ཚུ་ བང་ལ་དེཤ་ལུ་ འཛུལ་ཞུགས་འབད་ནི་ལུ་ གདོང་ལེན་བྱུང་སྟེ་འདུག་ཟེར་ཨིན་མས།
འདས་པའི་གཞུང་གིས་ སྣུམ་འཁོར་རྒྱུན་འགྲུལ་ཆིངས་ཡིག་དེ་ སྤྱི་ཚོགས་ནང་ མ་བཙུགས་པའི་ཧེ་མར་ སྤྱི་ལོ་༢༠༡༥ ཟླཝ་༦ པའི་ནང་ རྒྱལ་ཁབ་གཞན་༣ དང་གཅིག་ཁར་ གཞུང་གི་གནས་རིམ་ནང་ མཚན་རྟགས་བཀོད་ཐོག་ལས་ ཆ་འཇོག་གྲུབ་པའི་ཤུལ་ལུ་ སྤྱིར་བཏང་མི་མང་དང་ སྣུམ་འཁོར་ཊཱག་ཚོགས་པ་ དེ་ལས་ གླ་འཁོར་གྱི་ དེད་གཡོགཔ་ཆ་ཤས་ཀྱིས་ ངོས་ལེན་མེད་པར་ རྒྱབ་འགལ་འབདཝ་ལས་ རྩོད་རྙོགས་ཅན་ཅིག་ལུ་གྱུར་ཡོད།
དེ་གི་ནང་དོན་ཉིད་ལས་ གནད་དོན་དེ་ལུ་ ལྡོག་ཕྱོགས་ཚོགས་པ་དང་ རྒྱལ་ཡོངས་ཚོགས་སྡེ་གིས་ཡང་ རྒྱབ་འགལ་འབད་མི་ལུ་བརྟེན་ ཆ་འཇོག་གྲུབ་མ་ཚུགས་པར་ ཕར་འགྱངས་སྦེ་ བཞག་དགོཔ་བྱུང་ནུག།
གལ་སྲིད་ འབྲུག་གིས་ ཆ་འཇོག་གནང་པ་ཅིན་ རྒྱལ་ཁབ་༣ གྱི་ སྣུམ་འཁོར་ཚུ་ རྒྱལ་ཁབ་ནང་ ཐོགས་ཆགས་མེདཔ་སྦེ་ བདའ་འོང་ཆོག་ནི་ཨིནམ་ལས་ དེ་གིས་ ང་བཅས་རའི་ སྣུམ་འཁོར་ཊཱག་བཏང་མི་དང་ གླ་འཁོར་ཚུ་གི་ ཚོང་འབྲེལ་ལུ་ ཐོ་ཕོག་ཉེན་ཡོད་པའི་ཁར་ ས་གོ་དོག་དྲགས་བཟོ་ནི་དང་ མཐའ་འཁོར་གནས་སྟངས་ཡང་ བཙོག་པ་བཟོ་ནི་གི་ གནོད་ཉེན་ཡོདཔ་ཨིན།
ལྷོ་མཚམས་ལུ་ཡོད་མི་ བཟོ་གྲྭ་ཁང་གི་ ཇོ་བདག་ཚུ་གིས་ ཁོང་གི་ སྣུམ་འཁོར་ཊཱག་༢༠༠ དེ་ཅིག་ བང་ལ་དེཤ་ལུ་འགྱོཝ་ད་ འབྲུག་གི་ཁ་ཐུག་ལས་ བི་བི་ཨའེ་ཨེན་གྱི་ ཆིངས་ཡིག་དེ་ ཆ་འཇོག་འབད་འབདཝ་མེད་ནི་དེ་གིས་ ལམ་བདའ་སྟེ་ དཀའ་ངལ་དང་ གདོང་ལེན་ཚུ་ བྱུང་དོ་ཡོདཔ་ལས་ གཞུང་ལས་ ཆིངས་ཡིག་དེ་ལུ་ རྒྱབ་སྣོན་མཛད་ཐབས་གནང་པ་ཅིན་ཟེར་བའི་ ཞུ་བ་འབད་དེས་ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤདཔ་ཨིན་མས།
མ་གཞི་ ཕྱི་འབྲེལ་བློན་པོ་གིས་ སླབ་དོ་བཟུམ་ གཞུང་གི་ཧོངས་ལས་ རྒྱབ་སྣོན་ཆ་འཇོག་གི་ཐད་ལུ་ ཐུགས་ཐག་བཅད་བཅདཔ་མེདཔ་ལས་ རྒྱལ་ཡོངས་ཚོགས་སྡེ་དང་གཅིག་ཁར་ གསུང་གྲོས་གནང་འོང་ཟེར་ཨིན་རུང་ གསུང་གྲོས་གནངམ་ད་ རྒྱལ་ཁབ་གཅིག་དང་གཉིས་ཀྱི་ ཁེ་ཕན་དང་ བདེ་ཐབས་ དེ་ལས་ བཟོ་གྲྭ་ཁང་གི་ ཇོ་བདག་སྡེ་ཚན་ཅིག་དང་ སྲིད་དོན་གྱི་དབང་ལུ་བལྟ་སྟེ་ ཐག་བཏོག་ནི་མི་འོང་།
གནད་དོན་དེ་ ཧེ་མ་ལས་ར་ རྩོད་རྙོགས་ཅན་ཅིག་ལུ་ གྱུར་ཡོདཔ་ལས་ ཕོ་རབ་ཅིག་གི་བློ་རྩལ་ལས། །ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ། །ཟེར་ དཔྱེ་གཏམ་སླབ་སྲོལ་ཡོདཔ་བཟུམ་ གཞུང་རྐྱངམ་གཅིག་གིས་ ཐུགས་ཐག་བཅད་ནི་མེན་པར་ ཁེ་གྱོང་པ་དང་ འབྲེལ་བ་ཅན་ཚུ་དང་གཅིག་ཁར་ གྲོས་བསྡུར་ཐོག་ ངོས་ལེན་ཡོད་མེད་ཀྱི་ ཐུགས་ཐག་བཅད་གནང་པ་ཅིན་ འདི་ར་ན་འཐན་ཏོག་ཏོ་འོང་ཟེར་མནོཝ་མས།
ད་རུང་ ལཱ་མ་འབད་བའི་ཧེ་མར་བརྟག་དཔྱད་ཅིག། །འབད་ཚར་བའི་ཤུལ་ལུ་ཧུམ་ཆ་ཅིག། ཟེར་སླབ་དོ་བཟུམ་ རྒྱལ་ཁབ་༤ འི་ ཐོགས་ཆགས་མེད་པའི་ སྣུམ་འཁོར་རྒྱུན་འགྲུལ་ཆིངས་ཡིག་དེ་གིས་ ཕན་ཚུན་རྒྱལ་ཁབ་ཚུ་གི་བར་ན་ དཔལ་འབྱོར་གྱི་ ཁེ་ཕན་དང་ དམིགས་བསལ་དུ་ འབྲུག་རྒྱལ་ཁབ་ཀྱི་ རང་བཙན་དང་ སྲུང་སྐྱོབ་ལུ་ ཕན་གནོད་ཚུ་ ག་དེ་སྦེ་ར་ཡོདཔ་ཨིན་ན་ བརྟག་ཤིང་ལེགས་པར་ དཔྱད་ཞིནམ་ལས་རྐྱངམ་གཅིག་ ངོས་ལེན་འབད་བ་ཅིན་ གྲུབ་འབྲས་ཡང་ དོན་སྨིན་ཅན་སྦེ་འཐོན་ཚུགས།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *