ཏོག་གོ་ས་དང་ འབྱོར་པ་ཅན་ཚུ་གིས་ མིག་ དཔེ་སྟོན་དགོཔ།

༉ བསྟན་རྒྱས་ལྷན་ཁག་གིས་ དུས་ཅི་ སྤྱི་ཟླ་༢ པའི་ཚེས་༩ ལས་ གོང་ཚད་ཕབ་ཆག་མེད་པའི་ མེ་རླུང་རྒྱ་རྫི་༧༠,༠༠༠ ལྷགཔ་ཅིག་ ཁྲོམ་སྡེ་ནང་ སྡོད་མི་ཚུ་གི་དོན་ལས་ ཐོབ་ཆོག་ཆོ་བཟོ་ཡོད་རུང་ ད་ཚུན་གྱི་བར་ན་ རྒྱ་རྫི་༢༩༡ ལྷགཔ་ཅིག་མ་གཏོགས་ ཉོ་མི་མ་ཐོན་པས།
གོང་ཚད་ཕབ་ཆག་མེད་པའི་ རྒྱ་རྫི་འགོ་བཙུགས་མི་དེ་ཡང་ རྒྱལ་ཁབ་ནང་ མེ་རླུང་རྒྱ་རྫི་ཚུ་གིས་ ལང་མ་ཚུགས་པའི་ དཀའ་ངལ་བྱུང་མི་དེ་ སེལ་ནི་དང་ གོང་ཚད་ཕབ་ཆག་ཡོད་མི་ མེ་རླུང་རྒྱ་རྫི་ཚུ་ གྲོང་གསེབ་ཀྱི་ མི་སེར་ཚུ་ལུ་ བཀྲམ་སྤེལ་འབད་ནི་གི་ ལྷན་ཐབས་ལུ་ཨིན་མས།
འདི་བཟུམ་མའི་ ཐབས་ལམ་བཏོན་མི་དེ་ ལེགས་ཤོམ་ཅིག་ཨིནམ་ལས་ འབྱོར་པ་དང་ལྡན་མི་དང་ ཞི་གཡོགཔ་ དེ་ལས་ ལས་འཛིན་གྱི་ ལས་གཡོགཔ་ཚུ་གིས་ ཕབ་ཆག་མེད་པའི་ མེ་རླུང་རྒྱ་རྫི་ཚུ་ གདམ་ཁ་རྐྱབ་སྟེ་ གྲོང་གསེབ་མི་སེར་ཚུ་ལུ་ ཕབ་ཆག་ཡོད་མི་ རྒྱ་རྫི་སྤྱོད་ནི་གི་ གོ་སྐབས་བྱིན་ཚུགས་ནི་ཨིན་མས།
ད་རུང་ ཐིམ་ཕུག་དང་ ཕུན་ཚོགས་གླིང་བཟུམ་མའི་ ཁྲོམ་སྡེ་ཚུ་ནང་ སྡོད་མི་ཚུ་ མེ་རླུང་རྒྱ་རྫི་གི་དོན་ལུ་ དུས་ཡུན་རིངམོ་སྦེ་ གྱལ་ནང་བསྒུག་སྡོད་མ་དགོ་པའི་ཁར་ ཤོག་བྱང་ཡང་ ལེན་མ་དགོ་པར་ དེ་འཕྲོ་ལས་ མེ་རླུང་རྒྱ་རྫི་ འབག་འགྱོ་ཚུགས་ནི་ཨིནམ་ལས་ གོང་ཚད་དུམ་གྲ་ཅིག་ མངམ་སྤྲོད་དགོཔ་ཨིན་རུང་ དུས་ཚོད་འཕྲོ་བརླག་མ་འགྱོ་བའི་ ཁེ་ཕན་འོང་ནི་ཨིན་མས།
འདི་འབདཝ་ལས་ སྤྱི་ཟླ་༢ པའི་ཚེས་༢༨ ལུ་ བསྟན་རྒྱས་བློན་པོ་གིས་ གོང་ཚད་ཕབ་ཆག་ཡོད་པའི་ རྒྱ་རྫི་ཚུ་ ལག་ལེན་པ་ཚུ་གིས་ ལོག་སྤྲོད་ཐོག་ལས་ ཕབ་ཆག་མེད་པའི་ རྒྱ་རྫི་དེ་ ལག་ལེན་འཐབ་གནང་ཟེར་ གཞུང་གི་བློན་པོ་དང་ ཚོགས་དཔོན་ ཁྲི་འཛིན་ རྩ་ཁྲིམས་ཅན་གྱི་ གོ་གནས་འཆང་མི་དང་ བཀོད་ཁྱབ་གནས་རིམ་གྱི་འགོ་དཔོན་ དེ་ལས་ འབྱོར་པ་ཅན་ཚུ་ལུ་ ཡི་གུ་ཅིག་བྲིས་ནུག།
ད་རུང་ ཁྲོམ་ནང་སྡོད་མི་ མང་ཤོས་ར་ ཚོང་རྐྱབ་མི་དང་ ཞི་གཡོགཔ་ཚུ་ཨིནམ་ལས་ ཁོང་གིས་ ཕབ་ཆག་མེད་པའི་ མེ་རླུང་རྒྱ་རྫི་ཚུ་ ཉོ་ཚུགས་པའི་ ལྕོགས་གྲུབ་ཡོདཔ་ལས་ མི་གཞན་ཚུ་ལུ་ དཔྱེ་བཟང་པོ་སྟོན་དགོཔ་སྦེ་ ཞུ་སྐུལ་འབད་ནུག།
ཨིན་རུང་ མུ་ཏིག་ཐང་ལུ་ཡོད་མི་ འབྲུག་ས་སྣུམ་བཀྲམ་སྤེལ་ལས་སྡེ་དང་ ཆུ་བར་ཆུ་ལུ་ བྷུ་ཊཱན་ས་སྣུམ་བཀྲམ་སྤེལ་ལས་སྡེ་ དེ་ལས་ ཅང་ཟམ་ཏོག་ལུ་ དམ་ཅན་ལས་སྡེ་༣ གྱིས་བཞག་མི་ ཐོ་བཀོད་དང་འཁྲིལཝ་ད་ ད་ཚུན་གྱི་བར་ན་ ཕབ་ཆག་ཡོད་མི་ རྒྱ་རྫི་༡༣ དེ་ཅིག་ལས་བརྒལ་ ལོག་རྩིས་མ་སྤྲོད་པས།
གནས་སྟངས་འདི་ལུ་ བལྟ་བ་ཅིན་ འབྱོར་པ་ཅན་དང་ ཉོ་ཚུགས་མི་ཚུ་གིས་ གོང་ཚད་ཁེ་ཏོག་ཏོ་སྦེ་ཐོབ་མི་ རྒྱ་རྫི་ཚུ་ལུ་ར་ གདམ་ཁ་རྐྱབ་དོ་ཡོདཔ་མ་ཚད་ ལ་ལོ་གིས་ གོ་སྐབས་ལེན་ཐོག་ལས་ ཕབ་ཆག་ཡོད་མི་དང་ ཕབ་ཆག་མེད་མི་ རྒྱ་རྫི་གཉིས་ཆ་ར་ཉོ་སྟེ་ བཞག་དོ་ཡོདཔ་ལས་ མི་སེར་ཉམ་ཆུང་ཚུ་ལུ་ གོང་ཚད་ཕབ་ཆག་ཡོད་མི་ རྒྱ་རྫི་ཚུ་ བགོ་བཀྲམ་འབད་ནི་གི་ དམིགས་གཏད་དང་ རྒྱབ་འགལ་འགྱོ་དོ་བཟུམ་མཐོངམ་མས།
མི་ཚུ་གིས་ ཕབ་ཆག་མེད་པའི་ རྒྱ་རྫི་ཚུ་ལུ་ སྤྲོ་བ་མ་བསྐྱེད་མི་དེ་ཡང་ འགོ་ཐོག་མེ་རླུང་རྒྱ་རྫི་ཉོཝ་ད་ གོང་ཚད་དངུལ་ཀྲམ་༡,༦༥༠ སྤྲོད་དགོཔ་མ་ཚད་ མེ་རླུང་སོར་བའི་གོང་ཚད་ རྒྱ་རྫི་རེ་ལུ་ དངུལ་ཀྲམ་༨༡༥ གནསཔ་ལས་ ཕབ་ཆག་ཡོད་མི་ རྒྱ་རྫིའི་གོང་ཚད་དང་ཕྱདཔ་ད་ དངུལ་ཀྲམ་༢༠༠ ལྷགཔ་ཅིག་ ཐེབས་སྤྲོད་དགོ་ནི་དེ་གིས་ཨིན་མས།
བསྟན་རྒྱས་ལྷན་ཁག་གིས་ དམིགས་གཏད་བསྐྱེད་མི་དེ་ མཐར་འཁྱོལ་འབྱུང་དགོ་པ་ཅིན་ ཉོ་ཚུགས་མི་ཚུ་གིས་ ཕབ་ཆག་ཡོད་མི་ རྒྱ་རྫི་ཚུ་ ལོག་སྤྲོད་ཐོག་ལས་ གོང་ཚད་དུམ་གྲ་ཅིག་མཐོ་བའི་ མེ་རླུང་རྒྱ་རྫི་ལག་ལེན་འཐབ་ནི་གི་ གདམ་ཁ་རྐྱབ་པ་ཅིན་ རྒྱལ་ཁབ་ནང་ རྒྱ་རྫི་མ་ལང་པའི་ དཀའ་ངལ་དེ་ སེལ་ཚུགས་འོང་།
གནད་དོན་དེ་ལུ་བརྟེན་ ལྷན་ཁག་གིས་ ཞུ་སྐུལ་འབད་མི་ལུ་ ཏོག་གོ་ས་ཡོད་མི་དང་ འབྱོར་པ་ཅན་ འབབ་ཁུངས་ལེགས་ཤོམ་ཡོད་མི་ ཞི་གཡོགཔ་དང་ ལས་གཡོགཔ་ཚུ་གི་ཧོངས་ལས་ ག་དེ་དྲག་དྲག་ མཉམ་འབྲེལ་དང་ རྒྱབ་སྐྱོར་འབད་དེ་ གོང་ཚད་ཕབ་ཆག་མེད་པའི་ མེ་རླུང་རྒྱ་རྫི་ཚུ་ ལག་ལེན་འཐབ་སྟེ་ མིག་དཔེ་སྟོན་དགོཔ་འདུག།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *