ཏུར་ས་ལུ་ སྒེར་གྱི་ས་ཁོངས་ནང་ སྡོད་མི་ཚུ་ ཁྱིམ་འཚོལ་དགོཔ་བྱུང་ཡོདཔ།

༉ ཕུན་ཚོགས་གླིང་ལུ་ ཉིན་གྲངས་༢ ཀྱི་རིང་ ཆརཔ་ཤུགས་སྦེ་ རྐྱབ་པའི་ཤུལ་ལས་ ཏུར་ས་ལུ་ སྒེར་ཁྱིམ་གྱི་ ས་ཁོངས་ཆུང་ཀུ་ཅིག་ནང་ སྡོད་མི་ཚུ་ ཁ་ཙ་ལས་ བྱ་ཐབས་མེད་པར་ སྡོད་ཁྱིམ་འཚོལ་དགོཔ་བྱུང་ནུག།

དེ་ཡང་ གཡུར་བའི་ཆུ་བྲེས་ཏེ་ སྒེར་ཁྱིམ་ནང་ ཆུ་རུད་ཐོན་མི་ལུ་བརྟེན་ཨིནམ་ད་ སྒེར་ཁྱིམ་ནང་ ཁང་གླར་ལེན་ཏེ་སྡོད་མི་ བདེ་སྐྱིད་ཆོས་སྒྲོན་གྱིས་ སླབ་མིའི་ནང་ མོ་ར་སྡོད་སའི་ཁྱིམ་ནང་ མིའི་ཆབ་གསང་ཚུ་གིས་ གང་ཡོདཔ་ལས་ སྡོད་མ་བཏུབ་བཟོ་ད་ཡི་ཟེར་ཨིན་པས།

ཁྱིམ་དེ་ནང་ ཁོང་མི་ལྔ་སྡོད་དོ་ཡོདཔ་ད་ མ་གཞི་ ས་ཁོངས་དེ་ནང་ ཁང་གླར་སྡོད་མི་ ཕྱེད་ཀ་ལྷགཔ་ཅིག་ གནས་སྤོ་སྟེ་ སོང་ཡོདཔ་ཨིན་རུང་ བདེ་སྐྱིད་ཆོས་སྒྲོན་གྱིས་ ཁྱིམ་ཐོབ་མ་ཚུགསཔ་ལཤ་ ས་ཁོངས་དེ་ནང་ར་ སྡོད་དགོཔ་བྱུང་ཡི་ཟེར་ བཤདཔ་ཨིན་པས།

རྒྱ་ཆ་ས་ཁོངས་༡ པའི་ནང་ འགྲུལ་སྐྱོད་འབད་བཅུག་མི་དང་བསྟུན་ བདེ་སྐྱིད་ཆོས་སྒྲོན་གྱིས་ ཆརཔ་ཤུགས་སྦེ་རྐྱབ་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ཁྱིམ་འཚོལ་ཡོདཔ་ཨིན་པས།

མོ་གི་ཆ་རོགས་ འཇམ་དབྱངས་གསལ་སྒྲོན་དེ་ཡང་ ཁྱིམ་འཚོལ་བའི་བསྒང་ཡོདཔ་ད་ མོ་གིས་འབད་བ་ཅིན་ ཉིནམ་དང་པའི་ནང་ ཆརཔ་ཤུགས་སྦེ་རྐྱབ་ད་ ཁོང་ཆ་ཁྱབ་ ཉེ་འདབས་ལུ་བཞག་མི་ སྣུམ་འཁོར་རྙིངམ་ཚུ་ནང་ ཉལ་ཡི་ཟེར་ཨིན་པས།

སྤྱི་ཟླ་༦ པའི་ཚེས་༧ གྱི་ནུབ་མོར་ སྣུམ་འཁོར་ཊཱག་གི་དེད་གཡོགཔ་ཨིན་མི་ མོ་རའི་རྨགཔ་དང་ གཞན་དག་པ་ཅིག་ སྣུམ་འཁོར་ནང་ ཉལ་ཡོདཔ་ཨིན་པས།

འཇམ་དབྱངས་ཀྱིས་ སླབ་མིའི་ནང་ ཁྱིམ་གྱི་ཇོ་བདག་གིས་ མོ་ལུ་ ས་གནས་གཞན་ཁར་ ཁྱིམ་འཚོལ་དགོཔ་སྦེ་ སླབ་དེས་ཟེར་ཨིནམ་ད་ ཉིན་གྲངས་༢ ཀྱི་རིང་ ཁྱིམ་འཚོལ་ཡོད་རུང་ འཚོལ་མ་ཐོབ་ཟེར་ཨིན་པས།

ཨིན་རུང་ ཁ་ཙ་ཕྱི་རུ་ཁམས་ཅིག་ཁར་ འཇམ་དབྱངས་དང་ བདེ་སྐྱིད་ཀྱིས་ ཁྱིམ་ཅིག་ཐོབ་ཡོདཔ་ལས་ གཅིག་ཁར་སྡོད་ནི་སྦེ་ ཐག་བཅད་ད་ཡི་ཟེར་ ཁོང་གིས་ སླབ་ཨིན་པས།

ལོ་དག་པ་ཅིག་གི་ཧེ་མར་ སྒེར་ཁྱིམ་ནང་ ཁང་གླར་ལེན་ཏེ་ སྡོད་མི་དང་ ཁྱིམ་གྱི་ཇོ་བདག་ལུ་ ས་ཁོངས་དེ་ནང་ལས་ སྤོ་འགྱོ་དགོཔ་སྦེ་ སླབ་ཡོདཔ་ད་ ཧེ་མ་ཡང་ ཆུ་གཡུར་བྲེས་ཏེ་ ཆུ་རུད་ཐོན་ཡོདཔ་ཨིན་པས།

ས་ཁོངས་དེ་ནང་སྡོད་མི་ བཟའ་ཚང་༧ ཡོད་རུང་ སྤྱི་ཟླ་༦ པའི་ཚེས་༧ ལུ་ བཟའ་ཚང་༢ དང་ ཁ་ཙ་ བཟའ་ཚང་༢ གནས་སྤོ་སོང་ཡོདཔ་ལས་ དེ་ཁར་ལུས་མི་ བཟའ་ཚང་གཞན་ཚུ་ཡང་ ཆ་རོགས་དང་ གཉེན་ཉེཝ་ཚུ་གི་ཁྱིམ་ནང་ སྡོད་ནི་སྦེ་ གྲ་སྒྲིག་འབད་བའི་བསྒང་ཨིན་པས།

སྤྱི་ཟླ་༦ པའི་ཚེས་༦ དང་༧ གྱི་ནུབ་མོར་ ཆརཔ་ཤུགས་སྦེ་ རྐྱབ་ཡོད་རུང་ ཏུར་ས་གཙང་ཆུའི་མཐའམ་བདའ་སྟེ་ གནོད་སྐྱོན་བྱུང་པའི་ སྙན་ཞུ་མེདཔ་ཨིན་པས།

དེ་བཟུམ་སྦེ་ ཕུན་ཚོགས་གླིང་གོང་འཕེལ་དང་ ཁྲོམ་སྡེ་ལས་འགུལ་ལུ་ཡང་ ཐོ་མ་ཕོགཔ་ཨིན་པའི་གནས་ཚུལ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *