༉ གཞལམ་སྒང་རྫོང་ཁག་འོག་གི་ ཏིང་ཏི་སྦིས་ཁྲོམ་དེ་ གཞི་བཙུགས་འབད་དེ་ ལོ་ངོ་མང་རབས་ཅིག་ ལང་ཡོད་རུང་ ད་ལྟོའི་བར་ན་ཡང་ གོང་འཕེལ་འགྱོ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
མ་གཞི་ ལོ་ངོ་དག་པ་ཅིག་གི་ཧེ་མར་ གཞུང་གིས་ ཁྲོམ་གྱི་འཆར་གཞི་ བརྩམས་ཐོག་ལས་ གོང་འཕེལ་གྱི་ལཱ་ཚུ་ འབད་ཡོད་མི་དེ་ནང་ ས་གོ་ཐོབ་མི་ དག་པ་ཅིག་གིས་མ་གཏོགས་ ཁྱིམ་མ་རྐྱབ་པར་ཡོདཔ་ད་ གཞན་ཚུ་ སྟོངམ་སྦེ་ར་ ལུས་ཏེ་འདུག།
ཁྲོམ་དེ་ཁར་ ཚོང་ཁང་དག་པ་ཅིག་ གཞི་བཙུགས་འབད་དེ་ཡོདཔ་ཨིན་རུང་ མི་རློབས་འབད་བ་ཅིན་ ཉུང་སུ་ཅིག་ལས་བརྒལ་ མེདཔ་ཨིན་པས།
ཏིང་ཏི་སྦིས་ལུ་སྡོད་མི་ སྐྱེས་ལོ་༨༧ ལང་མི་ པདྨ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཏིང་ཏི་སྦིས་དེ་ ཤུལ་ལས་ ཁྲོམ་ལུ་བསྒྱུར་བཅོས་འབད་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ གོང་འཕེལ་སྦོམ་ཅིག་ འགྱོ་མ་ཚུགས་པར་ ལུས་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཧེ་མ་ ཁྲོམ་དེ་ གཞི་བཙུགས་འབད་བའི་སྐབས་ གཞལམ་སྒང་གི་ཁྲོམ་དེ་ དེ་ཁར་ སྤོ་བཤུད་འབད་ནིའི་ ལོ་རྒྱུས་ཡོད་རུང་ བར་སྐབས་ཅིག་ལས་ བསྒྱུར་བཅོས་ཡར་སོ་ཡི་ཟེར་ཨིན་པས།
ད་རེས་ ཁྲོམ་དེ་ནང་ སྡོད་མི་ཚུ་གིས་ སྒྲིང་ཁྱིམ་དག་པ་ཅིག་ རྐྱབ་ཡོདཔ་ད་ ས་གོ་སྟོངམ་སྦེ་ར་ ཡོད་མི་ཚུ་ གཞལམ་སྒང་ཁྲོམ་ཁ་ ཚོང་པ་ཚུ་གི་ མིང་ཐོ་ལུ་ཡོད་མི་ཚུ་ཨིན་ཟེར་ཨིན་པས།
དེ་བསྒང་ གཞུང་གིས་ སྒེར་ས་ཚུ་ གཞུང་བཞེས་འབད་དེ་ མི་སེར་ཚུ་ལུ་ རྒུད་འཐུས་ཚུ་ཡང་ སྤྲོད་ཡོདཔ་ད་ ད་རེས་ སའི་ཇོ་བདག་ ལ་ལོ་ཅིག་གིས་ ས་ཆ་དེ་ཚུ་ནང་ ཁྱིམ་རྐྱབ་ཡོདཔ་མ་ཚད་ བཟའ་སྤྱོད་འབད་བཞིན་དུ་ འདུག་ཟེར་ཨིན་པས།
ཁྲོམ་ཁར་ ཚོང་རྐྱབ་སྡོད་མི་ ཚེ་རིང་རྒྱལ་པོ་གིས་ སླབ་མིའི་ནང་ ཁྲོམ་དེ་ གོང་འཕེལ་གཏང་དགོ་པ་ཅིན་ ས་གནས་ནང་ ཡིག་ཚང་མང་སུ་སྦེ་བཙུགས་ཏེ་ མི་རློབས་ཡར་སེང་ གཏང་དགོ་ནི་མས་ཟེར་ཨིན་པས།
མ་གཞི་ ཁྲོམ་དེ་ཁར་ སྣུམ་འཁོར་ཚུ་གི་དོན་ལུ་ ས་སྣུམ་བླུག་སའི་ ས་ཁོངས་ཅིག་ གཞི་བཙུགས་འབད་ཡོདཔ་ཨིན་རུང་ དེ་གིས་ གོང་འཕེལ་གྱི་དོན་ལུ་ ཕན་མི་ཐོགས་པས་ཟེར་ཨིནམ་ད་ གོང་འཕེལ་གྱི་དོན་ལུ་ སྒེར་གྱི་སློབ་གྲྭ་ཚུ་ གཞི་བཙུགས་འབད་བ་ཅིན་ དྲག་ནི་མས་ཟེར་ཨིན་པས།
ཁོ་གིས་ སྤྱི་ལོ་༢༠༠༠ ལུ་ ཐོག་ཚད་གསུམ་འབད་མི་ སྒྲིང་ཁྱིམ་ཅིག་ རྐྱབ་ཡོད་མི་དེ་ནང་ ད་རེས་ སྡོད་མི་མེད་པའི་ དཀའ་ངལ་བྱུངམ་མས་ཟེར་ཨིནམ་ད་ སྡོད་མི་ཚུ་ཡང་ མང་ཤོས་ཅིག་ར་ གནས་སྐབས་ཅིག་གི་དོན་ལུ་ ལས་འགུལ་མ་འདྲཝ་ཚུ་ནང་ ལཱ་འབད་མི་ཚུ་ཨིན་པས།
ཁྲོམ་དེ་ ཕྱི་བསྐོར་དང་ གཞལམ་སྒང་རྫོང་ཁག་ ཀྲོང་གསར་ པཱན་སྦང་ དེ་ལས་ དགེ་ལེགས་ཕུག་གྱི་ གཞུང་ལམ་སྦུག་ལུ་ཨིནམ་ལས་ གོང་འཕེལ་གཏང་ནི་ལུ་ འོས་འབབ་སྦོམ་སྦེ་ར་ ཡོད་ཟེར་ཨིན་པས།
ཁྲོམ་ཁར་སྡོད་མི་ གཞན་ཅིག་གིས་ སླབ་མིའི་ནང་ གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་ ཁྲོམ་དེ་ཁར་ བྱོན་པའི་སྐབས་ལུ་ ཨ་རྟག་ར་ ཁྲོམ་དེ་ གོང་འཕེལ་འགྱོ་འོང་ཟེར་ སླབ་དོ་ཡོད་རུང་ གོང་འཕེལ་རྩ་ལས་ར་ འགྱོ་ནི་མིན་འདུག་ཟེར་ཨིན་པས།
སྐྱེས་ལོ་༧༢ འབད་མི་ རྒྱ་མཚོ་ལ་གིས་འབད་བ་ཅིན་ ཧེ་མ་ཁོ་ར་ སྐྱེས་ལོ་༤༧ འབད་སྡོད་པའི་སྐབས་ལུ་ཡང་ ཏིང་ཏི་སྦིས་ཁྲོམ་དེ་ དེ་འཚམས་ཅིག་འབད་ར་ ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་སེར་ཚུ་གིས་ ལྕམ་མཁར་ཆུ་གློག་མེ་ལས་འགུལ་ལུ་བརྟེན་ ཁྲོམ་དེ་ལུ་ ཕན་ཐོགས་འབྱུང་ནི་སྦེ་ སླབ་དོ་ཡོདཔ་ད་ ལས་འགུལ་དེ་ ཐག་རིང་སར་ འབད་ནི་དེ་གིས་ ཕན་ཐོགས་མི་འབྱུང་ནི་དང་ ཧེང་སྐལ་ར་ སྣུམ་འཁོར་ཚུ་ ས་ཁོངས་ནང་ལས་བརྒྱུད་དེ་ འགྲོ་འགྲུལ་འཐབ་པའི་སྐབས་ ཉམས་འཚེར་ཁག་ཁ་ཅིག་ འོང་ནི་མས་ཟེར་ཨིན་པས།
ཏིང་ཏི་སྦིས་ཁྲོམ་དེ་ གཞལམ་སྒང་རྫོང་ཁག་གི་ ཡན་ལག་ཁྲོམ་ཅིག་ཨིནམ་ད་ དེ་ནང་ ཚོང་ཁང་༣༧ ཡོདཔ་ ཨིན་པའི་གནས་ཚུལ།
ཏིང་ཏི་སྦིས་ལས་ ཉི་མ་དབང་འདུས།