༉ ཏཱ་ར་ཡ་ན་གཞི་ཚོགས་འགོ་བཙུགས་ཏེ་ ལོ་ངོ་༡༥ འཁོར་བའི་ དུས་སྟོན་བརྩི་སྲུང་དང་འབྲེལ་ ཏཱ་ར་ཡ་ན་གཞི་ཚོགས་ཀྱི་ ལོ་བསྟར་དུས་སྟོན་ འགོ་འདྲེན་འཐབ་སྲོལ་ཡོད་མི་དེ་ ཁ་ཙ་ ཐིམ་ཕུག་ལུ་སྦེ་ འགོ་བཙུགས་ཡོདཔ་ཨིན།
དུས་སྟོན་དེ་ཡང་ སྤྱི་ལོ་༢༠༠༣ ལས་ ཏཱ་ར་ཡ་ན་གིས་ ལྷག་བསམ་རྣམ་དག་གི་སྒོ་ལས་ ལོ་བཅོ་ལྔའི་ཞབས་ཏོག་ཟེར་བའི་ བརྗོད་དོན་ཐོག་ལས་ བརྩི་སྲུང་འབདཝ་ཨིན་པས།
ཏཱ་ར་ཡ་ན་གཞི་ཚོགས་དེ་ ལོ་ངོ་༢༠ གི་ཧེ་མར་ མི་དབང་རྒྱལ་ཡུམ་རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་ རྒྱལ་ཁབ་ཀྱི་ མཐའ་ཟུར་གཡུས་ཚན་ཚུ་ནང་ གཟིགས་སྐོར་གནང་པར་བྱོན་པའི་སྐབས་ མི་སེར་ལ་ལོ་ཅིག་ དཀའ་སྡུག་མྱོང་སར་ གཟིགས་ཞིནམ་ལས་ ཁོང་ལུ་ ཡུན་བརྟན་ཐོག་ལས་ ཞབས་ཏོག་ཚུ་ སྤྲོད་དགོཔ་སྦེ་ ཐུགས་བཞེད་གནང་ནུག།
མི་དབང་རྒྱལ་ཡུམ་མཆོག་ མཐའ་ཟུར་གཡུས་ཚན་གྱི་ གཟིགས་སྐོར་ནང་ལས་ ལོག་བྱོན་ཏེ་ དཔལ་ལི་ལ་ལས་བྱོན་པའི་སྐབས་ ཏཱ་ར་ཡ་ན་གཞི་ཚོགས་ གཞི་བཙུགས་འབད་ནིའི་ གནས་སྐབས་དེ་ དེ་བསྒང་ བཏོན་ཡོདཔ་སྦེ་ མི་དབང་རྒྱལ་ཡུམ་མཆོག་གིས་ གསུངས་ཡི།
ཏཱ་ར་ཡ་ན་གཞི་ཚོགས་དེ་ གཞུང་འབྲེལ་ཐོག་ལས་ སྤྱི་ལོ་༢༠༠༣ ཟླ་༥ པའི་ཚེས་༤ ལུ་ གཞི་བཙུགས་འབད་ཡོདཔ་ཨིན།
འཆི་མེད་དཔལ་སྒྲོན་དབང་འདུས་ཀྱིས་ ཏཱ་ར་ཡ་ན་གཞི་ཚོགས་ འགོ་བཙུགས་པའི་བསྒང་ལས་ ཕྱག་ཞུ་ཡོདཔ་བཞིན་དུ་ ད་ལྟོ་གཞི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ཨིན་པས།
འཆི་མེད་དཔལ་སྒྲོད་དབང་འདུས་ཀྱིས་ ཏཱ་ར་ཡ་ན་གཞི་ཚོགས་ནང་ མ་འཛུལ་བའི་ཧེ་མར་ སོ་ནམ་ལྷན་ཁག་གིས་ སྲིད་བྱུས་དང་ འཆར་གཞི་སྡེ་ཚན་གྱི་ འགོ་འཛིན་སྦེ་ཕྱག་ཞུ་ནུག།
འཆི་མེད་དཔལ་སྒྲོན་གྱིས་ བཤད་མི་དང་འཁྲིལཝ་ད་ སོ་ནམ་ལས་ཁུངས་ནང་ འགོ་དཔོན་ཨམ་སྲུ་ཅིག་འབད་ནི་དེ་གིས་ མི་དབང་རྒྱལ་ཡུམ་མཆོག་ མཐའ་ཟུར་གྱི་ས་གནས་ ག་ཏེ་གཟིགས་སྐོར་བྱོན་རུང་ ཕྱག་ཞུ་སྟེ་ སོང་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ གཞི་ཚོགས་དེ་ སྤྱི་ལོ་༢༠༠༣ ལུ་རྐྱངམ་གཅིག་ གཞི་བཙུགས་འབད་ཚུགས་ཏེ་ཡོདཔ་ཨིན་རུང་ གཞི་ཚོགས་དང་འབྲེལ་བའི་ལཱ་ཚུ་ སྤྱི་ལོ་༡༩༩༨ ལཱ་མང་རབས་ཅིག་འབད་ཡོདཔ་སྦེ་ཨིན་པས།
ད་ལྟོ་འབད་བའི་བསྒང་ལས་ ཏཱ་ར་ཡ་ན་གཞི་ཚོགས་ཀྱིས་ རྒྱལ་ཁབ་ཀྱི་ མཐའ་ཟུར་གཡུས་ཚན་མང་རབས་ཅིག་ནང་ ཞབས་ཏོག་ཚུ་ ལྷོད་ཚུགས་ཏེ་ཡོད་ཟེར་ཨིན་པས།
གཞི་ཚོགས་ཀྱིས་ མི་སྡེ་གོང་འཕེལ་དང་ དཔལ་འབྱོར་གོང་འཕེལ་ ལམ་སྲོལ་མི་ཉམས་གོང་འཕེལ་ཚུ་ནང་ དམིགས་པ་བསྐྱེད་དེ་ལཱ་འབད་དོ་ཡོདཔ་ཨིན་རུང་ སྦྱོང་བརྡར་དང་ གཤག་བཅོས་ཀྱི་ལས་རིམ་ ལོ་བསྟར་གནས་སྐོར་ དེ་ལས་ སློབ་གཉེར་གྲོགས་རམ་ཚུ་ཡང་ གནངམ་ཨིན་ཟེར་ཨིན་པས།
ཐིམ་ཕུག་ཆུ་བར་ཆུ་ལུ་སྦེ་ ཏཱ་ར་ཡ་ན་གི་ ལོ་བསྟར་དགའ་སྟོན་བརྩི་སྲུང་ཞུ་སར་ ཚོང་ཁང་དང་ འགྲེམ་སྟོན་ཁང་༨༠ དེ་ཅིག་ཡོདཔ་ད་ ཉིན་གྲངས་༣ གྱི་དགའ་སྟོན་ནང་ མི་སྡེ་ཚུ་གིས་ ཐོན་སྐྱེད་འབད་ཡོད་མི་ ཅ་ཆས་དང་ ཐགས་རིགས་ སྒོ་ནོར་གྱི་ཐོན་སྐྱེད་ ཤིང་གིས་བཟོ་སྐྲུན་འབད་མི་ཅ་ཆས་ དེ་ལས་ སྦ་གིས་བཟོ་སྐྲུན་འབད་མི་ཅ་ཆས་ཚུ་ གསལ་སྟོན་འབད་དེ་འདུག།
ཏཱ་ར་ཡ་ན་གཞི་ཚོགས་ཀྱི་ ལས་རིམ་སྤྱི་ཁྱབ་འགོ་དཔོན་ རོ་སི་ལིན་གུ་རུང་གིས་ སླབ་མིའི་ནང་ དགའ་སྟོན་ནང་ གསལ་སྟོན་འབད་མི་ཅ་ཆས་ཚུ་ རྫོང་ཁག་༡༣ ནང་གི་ མི་སྡེ་ཚུ་ནང་ལས་ འབག་འོངམ་ཨིན་ཟེར་ཨིན་པས།
དགའ་སྟོན་ནང་ བཅའ་མར་གཏོགས་མི་ཅིག་ སྐྱེས་ལོ་༣༤ ལང་མི་ སངས་རྒྱལ་དབང་མོ་ཨིནམ་ད་ མོ་ར་ ཨ་ལོ་༢ སྐྱེས་བའི་ཤུལ་ལུ་ རྨགཔ་དང་གཅིག་ཁར་ ཡ་བྲལ་སོང་ཡོདཔ་ཨིན་པས།
མོ་གིས་ རྩི་རང་ལས་ ཨེ་རྫས་ཀྱི་རིགས་ཚུ་ འབག་སྟེ་འོང་ཡོདཔ་ད་ མོ་གིས་འབད་བ་ཅིན་ ཁོང་བཟུམ་མའི་ མི་གནགཔོ་ཚུ་གི་དོན་ལུ་ ཁོང་རའི་ཅ་ཆས་ཚུ་ གསལ་སྟོན་འབད་ནིའི་ གོ་སྐབས་བཟང་པོ་ཅིག་ ཨིན་མས་ཟེར་ཨིན་པས།
མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཏཱ་ར་ཡ་ན་གཞི་ཚོགས་ཀྱིས་ ལོ་བསྟར་དུས་སྟོན་གྱིས་མ་ཚད་པར་ ཁོང་གི་གཡུས་ཁར་ ཁྱིམ་བཟོ་སྐྲུན་འབད་ནི་དང་ འཐུང་ཆུ་ཉམས་སྲུང་འབད་ནི་ལ་སོགས་པའི་ ལས་སྣ་མང་རབ་ཅིག་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
དགའ་སྟོན་དེ་ནང་ ཅ་ཆས་ཚུ་ གསལ་སྟོན་འབད་ནི་རྐྱངམ་གཅིག་མེན་པར་ རྩེད་རིགས་དང་ ཐུགས་སྤྲོའི་ལས་རིམ་ཚུ་ ཡོདཔ་མ་ཚད་ རྒྱལ་འཛིན་འཛིན་སྐྱོང་སློབ་སྡེ་དང་ འབྲུག་ཨོ་ལོམ་པིག་ཚོགས་པ་ འབྲུག་རྒྱལ་ཡོངས་ཁྲིམས་དོན་སྤེལ་ཁང་ དེ་ལས་ འཇིགས་མེད་སེང་གེ་དབང་ཕྱུག་ཁྲིམས་དོན་སློབ་ཁང་ནང་ལས་ ཁས་བླངས་པ་ཚུ་གིས་ཡང་ བཅའ་མར་གཏོགས་ནུག།
ཉིན་གྲངས་གསུམ་གྱི་ དགའ་སྟོན་ལས་རིམ་དེ་ རེས་གཟའ་ཟླ་བ་ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།