ཏམ་ཁུ་དམ་འཛིན་བཅའ་ཁྲིམས་ ལག་ལེན་འཐབ་ནི་ལུ་ དུས་ཚོད་འགོར་ནི་བཟུམ་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་ འབྲུག་གི་ཏམ་ཁུ་དམ་འཛིན་འཕྲི་སྣོན་བཅའ་ཁྲིམས་༢༠༢༡ མ་དེ་ བཀའི་གནང་བ་གྲོལ་བའི་ཤུལ་ལས་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་ ཏམ་ཁུ་དམ་འཛིན་བཅའ་ཡིག་དེ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།

ཨིན་རུང་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ བཅའ་ཡིག་དེ་ ག་དེ་སྦེ་ ལག་ལེན་འཐབ་ནི་ཨིན་ན་ གཞུང་ལས་ བཀའ་རྒྱ་ག་ནི་ཡང་ མ་ལྷོད་ཟེར་ཨིན་པས།

དབང་འཛིན་དང་འཁྲིལཝ་ད་ ཏམ་ཁུ་དམ་འཛིན་བཀོད་ཚོགས་ཀྱིས་ ཏམ་ཁུ་དམ་འཛིན་བཅའ་ཡིག་དང་ སྒྲིག་གཞི་ཆ་འཇོག་འབད་དགོཔ་སྦེ་ཡོད་རུང་ བཅའ་ཡིག་དང་ སྒྲིག་གཞི་དེ་ ག་གིས་ཟིན་བྲིས་བཏབ་ནི་ཨིན་ན་ དྭངས་གསལ་སྦེ་ བཀོད་དེ་མེདཔ་ཨིན་པས།

བཅའ་ཁྲིམས་འཕྲི་སྣོན་འབད་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ཏམ་ཁུའི་ཐོན་སྐྱེད་ ནང་འདྲེན་དང་ ཉོ་བཙོང་འཐབ་ཆོགཔ་ཨིན་པས།

དབང་འཛིན་གྱི་ ཡོངས་ཁྱབ་མདོ་ཆེན་ངོ་ཚབ་ ཨོ་རྒྱན་ཚེ་རིང་གིས་ སླབ་མིའི་ནང་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ དབང་ཕྱུག་རྣམ་རྒྱལ་ལས་ འཕྲི་སྣོན་མཛད་མི་ བཅའ་ཁྲིམས་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའི་གནང་བ་གྲུབ་ཡོད་པའི་ ཡི་གུ་ལྷོད་ཡོདཔ་བཞིན་དུ་ དབང་འཛིན་གྱིས་ བཅའ་ཁྲིམས་གསརཔ་དང་འཁྲིལ་ཏེ་ ལག་ལེན་ཚུལ་མཐུན་སྦེ་ འཐབ་དགོཔ་སྦེ་ བཀོད་དེ་འདུག་ཟེར་ཨིན་པས།

བཅའ་ཁྲིམས་རྙིངམ་ནང་ དོན་ཚན་ཆ་མེད་བཏང་མི་ཚུ་ བསྐྱར་ཞིབ་ཐོག་ གྲོས་བསྟུན་འབད་བའི་བསྒང་ཡོདཔ་བཞིན་དུ་ གྲ་སྒྲིག་གི་ ལཱ་ཚུ་མཇུག་བསྡུ་བའི་ཤུལ་ལས་ བསྐྱར་ཞིབ་སྙན་ཞུ་དེ་ ཏམ་ཁུ་དམ་འཛིན་བཀོད་ཚོགས་ལུ་ གསལ་ཞུ་འབད་འོང་ཟེར་ ཨོ་རྒྱན་ཚེ་རིང་གིས་ བཤདཔ་ཨིན་པས།

དེ་གི་ཤུལ་ལས་ བཅའ་ཁྲིམས་གསརཔ་ ལག་ལེན་གྱི་སྐོར་ལས་ མི་མང་ལུ་ གསལ་བསྒྲགས་འབད་འོང་ཟེར་ཨིན་པས།

སྨྱོ་རྫས་བཀག་འཛིན་བཀོད་ཚོགས་ཀྱིས་ ཏམ་ཁུ་དམ་འཛིན་བཀོད་ཚོགས་ཀྱི་ ཕྱག་ལཱ་ཡང་ གནང་དགོཔ་ད་ དོན་ཚན་ནང་ བཀོད་མི་དང་འཁྲིལ་ཏེ་ བཀོད་ཚོགས་ཀྱིས་ མི་མང་ས་གོ་ཚུ་ནང་ ཏམ་ཁུ་འཐུང་ཆོག་པའི་ ཁང་མིག་དང་ ས་ཁོངས་ཚུ་ དུས་དང་དུས་སུ་ ངོས་འཛིན་འབད་ཆོག་ནི་ཨིན་པས།

སྤྱི་ཟླ་༧ པའི་ཚེས་༩ ལུ་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུད་ཀྱི་བར་ན་ ཟླ་རིམ་ཞལ་འཛོམས་འཚོགས་པའི་སྐབས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ ཏམ་ཁུའི་ཐོན་སྐྱེད་བཀྲམ་སྤེལ་དང་ ཏམ་ཁུ་ཉོ་བཙོང་གི་དོན་ལུ་ བཅའ་ཡིག་དང་ སྒྲིག་གཞི་ཚུ་ དམ་དམ་སྦེ་ བཟོ་འོང་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གཞུང་གིས་ ཏམ་ཁུ་ཚུ་ ས་གནས་གི་ཁུག་ཚུ་ནང་ལས་ འཐོབ་ཚུགསཔ་བཟོ་ནི་དམིགས་ཏེ་མེན་པའི་ཁར་ མི་ཚུ་གིས་ ཏམ་ཁུ་འཐུང་ནི་དང་ ཟ་ནི་ལུ་ སེམས་ཤུགས་བསྐྱེད་མི་བཅུག་ནིའི་དོན་ལས་ ཁྱད་རིག་ཐོག་ལས་ ཐབས་ལམ་བཏོན་འོང་ཟེར་ཨིན་པས།

ཏམ་ཁུ་དམ་འཛིན་བཅའ་ཁྲིམས་དེ་ གནམ་བྱཱར་གྱི་ སྤྱི་ཚོགས་ནང་ འཕྲལ་མཁོའི་དཔྱད་ཡིག་སྦེ་ འཕྲི་སྣོན་འབད་མི་དེ་ཡང་ ས་མཚམས་བདའ་སྟེ་ཡོད་མི་ ཁྲོམ་ཚུ་ནང་ ཁྲིམས་འགེལ་ཐོག་ལས་ ཏམ་ཁུ་ནག་ཚོང་འཐབ་ནི་ ཡར་སེང་ཡོད་པའི་ཁར་ རྒྱལ་ཁབ་ནང་ ཀོ་བིཌ་-༡༩ ཐོབ་ནིའི་ ཉེན་ཁ་ཡོད་མི་ལུ་བརྟེན་ཨིན་པས།

དེ་བཟུམ་སྦེ་ གཞུང་གིས་ ཅ་ཆས་དང་ ཞབས་ཏོག་ཁྲལ་དཔྱད་ཡིག་ ལག་ལེན་མ་འཐབ་ཚུན་ ཏམ་ཁུ་ཐོན་སྐྱེད་ཀྱི་ཁྲལ་ཡང་ དགོངས་ཡངས་བཏང་ཡོདཔ་ད་ རྒྱ་གར་ལས་ ནང་འདྲེན་འབད་མི་ ཏམ་ཁུའི་ཐོན་སྐྱེད་ཚུ་ ཚོང་ཁང་ལས་ བཙོང་པ་ཅིན་ བཙོང་ཁྲལ་བརྒྱ་ཆ་ཧྲིལ་བུ་སྦེ་ དགོངས་ཡངས་གཏང་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *