༉ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་གིས་ འབྲུག་ལུ་ ཌོག་ཊར་གྱི་སྦྱོང་བརྡར་ལས་རིམ་ འགོ་བཙུགས་ནིའི་དོན་ལུ་ གཞུང་ལུ་ དངུལ་ཀྲམ་ས་ཡ་༥༣༣.༦༨༡ དགོ་པའི་ གྲོས་འཆར་བཙུགས་ཏེ་ ཡོདཔ་ཨིན་པས།
ཌོག་ཊར་གྱི་ སྦྱོང་བརྡར་དེ་ཡང་ དུས་ཅི་ སྤྱི་ཟླ་༧ པའི་ནང་ལས་ འགོ་བཙུགས་ནིའི་ ལས་འཆར་ཡོདཔ་ཨིན་པས།
ཌོག་ཊར་གྱི་སྦྱོང་བརྡར་དེ་ དེ་འཕྲོ་ལས་ ལག་ལེན་འཐབ་ནིའི་དོན་ལུ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ དངུལ་རྩིས་ལྷན་ཁག་ལུ་ གྲོས་འཆར་དེ་ བསྐྱར་ཞིབ་འབད་དེ་ དགོས་མཁོ་ཅན་གྱི་ མ་དངུལ་རྒྱབ་སྐྱོར་འབད་དགོ་པའི་ བཀའ་རྒྱ་གནང་ནུག།
ཌོག་ཊར་གྱི་ སྦྱོང་བརྡར་ལས་རིམ་ འགོ་བཙུགས་ནིའི་ གྲོས་ཆོད་དེ་ཡང་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༡༤ ལུ་ ལྷན་རྒྱས་གཞུང་ཚོགས་ཐེངས་༡༣༣ འཚོགས་པའི་སྐབས་ བྱུང་ཡོདཔ་ཨིན་པས།
གཞུང་གི་ བཀའ་རྒྱ་དང་འཁྲིལ་ཏེ་ ལས་རིམ་དེ་ དུས་ཚོད་ཁར་ ལག་ལེན་འཐབ་ཚུགསཔ་འབད་ནི་དང་ གྲ་སྒྲིག་གི་ལཱ་ཚུ་ ལེགས་ཤོམ་དང་ ལྷན་ཐབས་འབད་ནིའི་དོན་ལས་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་གིས་ འཛིན་སྐྱོང་གི་སྡེ་ ཁག་མ་འདྲཝ་སྦེ་ བཟོ་སྟེ་ཡོདཔ་ཨིན་པས།
འདས་པའི་དྲི་བ་དྲིས་ལན་སྐབས་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེའི་གཙོ་འཛིན་ ཌོག་ཊར་ཀུན་བཟང་པི་ ཚེ་རིང་གིས་ སླབ་མིའི་ནང་ ལས་རིམ་འགོ་བཙུགས་ནི་ལུ་ ལཱ་ཚུ་འབད་བའི་བསྒང་ཡོདཔ་བཞིན་དུ་ ད་རེས་ རྩ་གཞུང་བརྩམ་ནི་དང་ གཞི་རྟེན་མཐུན་རྐྱེན་ལཱ་གི་ བྱ་སྒོ་ཚུ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ཐིམ་ཕུག་དེ་ ཌོག་ཊར་གྱི་སྦྱོང་བརྡར་ གཞི་བཙུགས་འབད་ནིའི་ འོས་འབབ་ལྡན་པའི་ ས་གོ་ཅིག་སྦེ་ ངོས་འཛིན་འབད་དེ་ཡོད་རུང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་གིས་ གཏན་འཇགས་ཀྱི་ གཞི་རྟེན་འཚོལ་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ཌོག་ཊར་གྱི་ སྦྱོང་བརྡར་ལས་རིམ་དེ་ ན་ཧིང་ གཞུང་གིས་ ཐིམ་ཕུག་ རྟ་བབ་ལུ་ མཐུན་རྐྱེན་ཅིག་ ཉོ་སྒྲུབ་འབད་མིའི་ སྒྲིང་ཁྱིམ་ཚུ་ནང་ འགོ་བཙུགས་ནི་བཟུམ་ཅིག་ ཡོདཔ་ཨིན་པས།
ཌོག་ཊར་གྱི་ སྦྱོང་བརྡར་འབད་མི་ སློབ་ཕྲུག་ཚུ་གི་དོན་ལུ་ སློབ་སྟོན་གྱི་ མི་སྟོབས་དགོས་མཁོ་འགྲུབ་ནི་ཐད་ཀར་ གཙོ་འཛིན་གྱིས་ སླབ་མིའི་ནང་ ལེགས་སྦྱར་བ་ བརྗེ་སོར་ལས་རིམ་དང་ མཉམ་འབྲེལ་གཙུག་སྡེ་ཚུ་ལས་ རྒྱལ་སྤྱི་ལེགས་སྦྱར་པ་ཚུ་ གླ་ཁར་ལེན་འོང་ཟེར་ཨིན་པས།
ཐིམ་ཕུག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དེ་ སློབ་སྟོན་གྱི་ སྨན་ཁང་ཅིག་འབདཝ་ལས་ མཁས་མཆོག་དང་ ཌོག་ཊར་ཚུ་ མཁས་མཆོག་གི་ སྦྱོང་བརྡར་འབད་མི་ དེ་ལས་ སློབ་སྟོན་གྱི་ རྒྱབ་སྐྱོར་ལས་བྱེདཔ་ཚུ་ཡོདཔ་མ་ཚད་ དགོས་མཁོ་ཅན་གྱི་ ལས་ཁུངས་ཚུ་ཡང་ ཡོདཔ་ཨིན་པས།
ལོ་༦ གི་ ཌོག་ཊར་སྦྱོང་བརྡར་ འགོ་བཙུགས་པའི་སྐབས་ ལོ་༣ གྱི་རིང་ ནང་འཁོད་སློབ་ཕྲུག་༢༥ དང་ དེ་གི་ཤུལ་ལས་ རྒྱལ་སྤྱི་སློབ་ཕྲུག་༢༥ འཛུལ་བཞུགས་འབད་ནི་ ལས་རིམ་ཡོདཔ་ཨིན་པས།
མཐོ་རིམ་སློབ་གྲྭ་དེ་ མཇུག་བསྡུ་བའི་ཤུལ་ལས་ འཛམ་གླིང་ནང་ལྡན་པའི་ མཐུན་རྐྱེན་དང་ གནས་ཚད་ཅན་གྱི་ ཤེས་ཡོན་ཚུ་ བཙུགས་ནི་ཨིནམ་ད་ རྒྱལ་སྤྱི་དང་ལྡན་པའི་ ས་གོ་ཚུ་ འགྲོས་ཀྱིས་སྦེ་ གོང་འཕེལ་གཏང་ནི་ཨིན་པས།
ལས་རིམ་དེ་ལུ་བརྟེན་ རྒྱལ་ཁབ་ནང་ ཌོག་ཊར་གྱི་ཆ་ཚད་དེ་ ཌོག་ཊར་རེ་ལུ་ མི་༡,༠༠༠ སྦེ་བཟོ་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིནམ་ད་ ད་རེས་ འབྲུག་ལུ་ ཌོག་ཊར་༤.༦ ལུ་ མི་རློབས་༡༠,༠༠༠ ཡོད་མི་དེ་ ལུང་ཕྱོགས་ནང་ དམའ་སུ་སྦེ་ ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།