༉ ད་རེས་ གནམ་བྱཱར་གྱི་ ཆར་ཆུའི་དུས་ཚོད་འདི་ནང་ གཟན་དོམ་གྱིས་ སོ་བཏབ་མི་ལུ་ཐོབ་མི་ ཌེང་གི་ནད་གཞི་དེ་ ལྷོ་མཚམས་རྫོང་ཁག་༣ ནང་ ཁྱབ་སྤེལ་སོང་ཡོདཔ་ལས་ དུས་ཡུན་ཟླ་ངོ་༡ གི་ ནང་འཁོད་ལུ་ར་ མི་གྲངས་༡༢༡ ལུ་ ནད་གཞི་ཐོབ་མི་དེ་ ཚ་གྱང་ལང་དགོཔ་ཅིག་ཨིན་མས།
མ་གཞི་ གསོ་བའི་དྲུང་འཚོ་ཚུ་གིས་ ཚད་པའི་ནད་གཞི་ཅིག་ཨིན་མི་ ཌེང་གི་ཐོབ་པའི་ཤུལ་ལུ་ དེ་འཕྲོ་ལས་ སྨན་ཁང་ནང་ འགྱོ་བ་ཅིན་ ཚེ་སྲོག་ལུ་ ཉེན་ཁ་མེད་རུང་ ནད་གཞི་ཐོབ་མི་ མང་ཤོས་ར་ གསོ་བའི་མཐུན་རྐྱེན་མེད་སར་དང་ སྨན་ཁང་ཡོད་རུང་ ཐག་རིང་སར་ཡོད་ནི་དེ་གིས་ སྨན་བཅོས་ཀྱི་ ཞབས་ཏོག་ལེན་མ་ཚུགས་པའི་ ས་གོ་ཚུ་ནང་ཨིནམ་ལས་ ཚ་གྱང་སྦོམ་ཡོདཔ་ཨིན་མས།
གསོ་བའི་ལྷན་ཁག་ལས་ ཚད་པའི་ནད་གཞི་ཁྱབ་སྤེལ་སོང་བའི་ སྙན་ཞུ་ལྷོད་མི་དང་འཁྲིལཝ་ད་ སྤྱི་ཟླ་༧ པའི་ཚེས་༡༣ ཚུན་ཚོད་ བསམ་རྩེ་རྫོང་ཁག་ནང་ མི་གྲངས་༤༦ དང་ བསམ་གྲུབ་ལྗོངས་མཁར་ལུ་ མི་༤༢ དེ་ལས་ ཕུན་ཚོགས་གླིང་ལུ་ མི་༣༣ ལུ་ ཌེང་གི་ཐོབ་ཡོད་པའི་ ཐོ་བཀོད་ཡོད་མིའི་ གྱངས་ཁ་དེ་ རྣམ་རྟོམ་ལང་སི་སི་ཅིག་ཨིན་མས།
བསམ་རྩེ་ལུ་ མི་༤༦ ལུ་ ནད་གཞི་ཐོབ་མིའི་གྲས་ལས་ བརྒྱ་ཆ་༥༠ དེ་ཅིག་ དམག་སྒར་ཚུ་ནང་ཨིནམ་ལས་ ལྷག་པར་དུ་ ཚ་གྱང་ལང་དགོཔ་ཅིག་ཨིན་མས།
མ་གཞི་ ནད་འབུབ་བཀག་ཐབས་ལས་རིམ་གྱི་ གསོ་བའི་ལས་བྱེདཔ་ཚུ་ ནད་གཞི་ཐོན་སའི་ ས་ཁོངས་ཚུ་ནང་སོང་སྟེ་ བཀག་ཐབས་ཀྱི་ ལས་རིམ་ཚུ་ འགོ་འདྲེན་འཐབ་མི་ལུ་བརྟེན་ ཌེང་གི་ཁྱབ་སྤེལ་འགྱོ་ནི་ལས་ དམ་འཛིན་འབད་ཚུགས་ཡོད་རུང་ དེ་ཁར་སྡོད་མི་ཚུ་གིས་ཡང་ མི་མང་གསོ་བའི་ལས་ཁུངས་ཀྱིས་ གསལ་བསྒྲགས་འབད་མི་དང་འཁྲིལ་ ཐབས་ལམ་ཚུ་ ལག་ལེན་འཐབ་པ་ཅིན་ ནད་གཞི་བཀག་འཛིན་འབད་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིན་མས།
ཌེང་གི་དེ་ གཙོ་བོ་ར་ ང་བཅས་ཀྱི་ མི་ཚུ་གིས་ རང་སྡོད་སའི་ མཐའ་འཁོར་ལུ་ གཙང་སྦྲ་དང་ལྡནམ་སྦེ་ མ་བཞག་མི་དང་ ཆུ་རྫིང་ཁམས་ལོག་སི་སི་ཡོད་མི་ དེ་ལས་ ཆུ་མ་བསྐོལ་བར་འཐུང་མི་དང་ ཚ་དྲོད་ལྡན་པའི་ཁྱིམ་ནང་ ཕྱི་རུ་ཉལཝ་ད་ གཟན་དོམ་གྱི་ སིང་རས་ཚུ་ ལག་ལེན་མ་འཐབ་མི་ལས་ ཐོབ་ཨིན་མས།
གཟན་དོམ་ཚུ་གིས་ ཆུ་རྫིང་ཁམས་ལོག་སི་སི་དང་ གྱིབ་འཁོར་ དེ་ལས་ གཙང་སྦྲ་མེད་པའི་ ཧོད་ག་ཅི་བཟུམ་ནང་འབད་རུང་ ཚང་འབུབ་འཚའ་དོ་ཡོདཔ་མ་ཚད་ དམ་སྦྱིས་ཚུ་ནང་ ཆུ་ལྷག་ལུས་ཡོད་མི་ཚུ་ ལེགས་ཤོམ་སྦེ་ བཏོན་མ་བཀོ་བ་ཅིན་ དེ་ནང་ཡང་ ཚང་འབུབ་འཚའ་དོ་ཡོདཔ་ཨིན་མས།
ང་བཅས་ཀྱིས་ ནད་གཞི་དེ་ལས་ སྔོན་འགོག་འབད་ནི་གི་ ཐབས་ལམ་ག་ཅི་བཏོན་དགོཔ་ཨིན་ན?
གོང་ལུ་བཀོད་དོ་བཟུམ་ ནད་གཞི་དེ་ འགོ་དང་པ་ ཐོབ་པའི་སྐབས་ མི་དེ་ལུ་ གནོད་ཉེན་སྦོམ་མེད་རུང་ ནན་བསྐྱར་དུ་ ཐོབ་པ་ཅིན་ ཚེ་སྲོག་ལུ་ ཉེན་ཁ་སྦོམ་ཡོདཔ་ལས་ གསོ་བའི་བསླབ་བཀོད་དང་འཁྲིལ་ ས་དྲོད་ཅན་གྱི་ ས་ཁོངས་ཚུ་ནང་ སྡོད་མི་ཚུ་གིས་ ཆུ་དམ་སྦྱིས་ཚུ་ནང་ བདུན་ཕྲག་༡ ལས་ལྷག་ བཀང་མ་བཞག་པར་ ཉིནམ་ཨ་རྟག་ར་ སོར་དགོཔ་མ་ཚད་ རང་སོའི་ས་ཁོངས་དང་ ཆུ་གཡུར་ཚུ་ ག་དེ་དྲག་དྲག་ གཙང་ཏོག་ཏོ་སྦེ་ བཞག་ནི་དེ་ཁག་ཆེ།
གལ་སྲིད་ ང་བཅས་ལུ་ དྲོད་འབར་ནི་དང་ མགུ་ཏོ་ན་ནི་ ཁ་ལས་སྐྱུགས་ནི་ རྐང་ཚིགས་ལག་ཚིགས་ཚུ་ ན་བ་ཅིན་ ཌེང་གི་ནད་གཞི་ ཐོབ་ཡོད་པའི་ རྟགས་མཚན་ཨིནམ་ལས་ རང་ལུགས་ཀྱི་ཐོག་ལས་ སྨན་བཅོས་དང་ རིམ་གྲོ་འབད་ནི་ལུ་ བསྒུག་མ་སྡོད་པར་ དེ་འཕྲོ་ལས་ ཉེ་འདབས་ཀྱི་ སྨན་ཁང་ཚུ་ནང་འགྱོ་དགོ།
འདི་དང་གཅིག་ཁར་ འབྲེལ་ཡོད་དབང་འཛིན་གྱིས་ གནོད་ཉེན་ཆེ་བའི་ ས་གོ་ཚུ་ནང་སོང་སྟེ་ མི་སེར་ཚུ་གིས་ ནད་གཞི་དེ་ལས་ གདོང་ལེན་ག་དེ་སྦེ་ འབད་ནི་ཨིན་ན་དང་ ཐབས་ལམ་ཚུ་ ག་དེ་སྦེ་ར་ བཏོན་དགོཔ་ཨིན་ནའི་སྐོར་ བརྡ་དོན་ཤེས་ཡོན་ གང་མང་སྤྲོད་དགོཔ་འདུག་ཟེར་ ཞུ་ནི་ཨིན།
Check Also
དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།
༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …