ཌཱན་ཊག་ལས་འགུལ་གྱིས་ བརྡ་བྱང་ཚུ་ བཤིག་གཏང་དགོཔ།

༉ འབྲུག་གནས་ཚད་ལས་སྡེ་གིས་ འབྲུག་ལམ་འགྲུལ་ཉེན་སྲུང་བརྡ་རྟགས་ཀྱི་ གནས་ཚད་ལམ་སྟོན་ཅིག་བཏོན་ཏེ་ ཧ་ལམ་ ལོ་ལང་ཡོད་རུང་ ཌཱན་ཊག་ལས་འགུལ་གྱིས་ མགྱོནམ་ཚུ་ འབྲུག་ཤར་ཕྱོགས་ལུ་ བྱོན་པ་ལེགས་སོ་ཞུ་བའི་བརྡ་བྱང་དེ་ བསྒྱུར་བཅོས་མ་འབད་བར་ ཡོདཔ་ཨིན་པས།
ཞབས་ཏོག་ལྷན་ཁག་གིས་ ཌཱན་ཊག་ལས་འགུལ་ལུ་ ན་ཧིང་ སྤྱི་ཟླ་༦ པའི་ནང་ ལམ་རྟགས་ཚུ་ འབྲུག་ལམ་འགྲུལ་ཉེན་སྲུང་བརྡ་རྟགས་ཀྱི་ གནས་ཚད་དང་འཁྲིལ་ཏེ་ ལག་ལེན་འཐབ་དགོ་པའི་ ཡི་གུ་ཅིག་ཡང་ བཏང་ཡོདཔ་ཨིན་པས།
འབྲུག་ལམ་འགྲུལ་ཉེན་སྲུང་བརྡ་རྟགས་ཀྱི་ གནས་ཚད་ལམ་སྟོན་དེ་ཡང་ འབྲུག་གནས་ཚད་ལས་ཁང་གིས་ ན་ཧིང་ སྤྱི་ཟླ་༤ པའི་ནང་ ཆ་འཇོག་འབད་བའི་ཤུལ་ལས་ ལམ་སེལ་ལས་ཁུངས་ཀྱིས་ ལམ་རྟགས་དང་ བརྡ་སྟོན་ཚུ་ རྒྱལ་ཁབ་ནང་འཁོད་ལུ་ གཅིག་མཚུངས་སྦེ་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་མདོ་ཆེན་ བསྟན་འཛིན་གྱིས་ སླབ་མིའི་ནང་ ཧེ་མ་ གནས་ཚད་ཅན་གྱི་ ལམ་རྟགས་ཀྱི་ ལམ་སྟོན་མེདཔ་ལས་ སླབ་ནིའི་ས་གོ་མ་ཐོབ་རུང་ ད་རེས་ ལམ་སྟོན་དེ་ལུ་བརྟེན་ ལམ་རྟགས་ཚུ་ གཅིག་མཚུངས་བཟོ་ཚུགས་ནི་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དམིགས་བསལ་དུ་ ལམ་གསརཔ་བཟོ་མིའི་ནང་ ཌཱན་ཊག་ལས་འགུལ་གྱི་ ཧེ་མ་བཟུམ་སྦེ་ ལམ་རྟགས་ཚུ་ མི་བཙུགས་ནི་ཨིནམ་མ་ཚད་ ལམ་སྟོན་དེ་ལུ་ ངོས་ལེན་ཡོད་པའི་སྐོར་ལས་ ཡི་གུ་ཅིག་ཡང་ ལྷོད་དེ་ཡོད་ཟེར་ཨིན་པས།
ལས་འགུལ་གྱིས་ ན་ཧིང་ སྤྱི་ཟླ་༧ པའི་ནང་ ལམ་རྟགས་ཀྱི་གནས་ཚད་ གནད་དོན་ཐོག་ལུ་ ཞབས་ཏོག་ལྷན་ཁག་ལུ་ ལན་གསལ་འབད་མི་ ཡི་གུ་དང་འཁྲིལཝ་ད་ འཁོར་ལམ་གསརཔ་ དམ་ཆུ་དང་ ཆུ་ཁ་ ཧཱ་ དེ་ལས་ ཆུ་ཁ་གི་ཕྲང་ལམ་ཚུ་ སེལ་བའི་བསྒང་ཡོད་མི་ཚུ་ནང་ ལམ་རྟགས་ཚུ་ཡང་ འབྲུག་ལམ་འགྲུལ་ཉེན་སྲུང་བརྡ་རྟགས་ཀྱི་གནས་ཚད་དང་འཁྲིལ་ བཙུགས་ནི་ཨིན་རུང་ ལམ་རྟགས་རྙིངམ་ཚུ་ ལས་འགུལ་ལྟེ་བ་ལས་ གནང་བ་ཐོབ་པའི་ཤུལ་ལས་མ་གཏོགས་ ཚབ་བཙུགས་འབད་མི་ཚུགས་ནི་མས་ཟེར་ཨིན་པས།
མདོ་ཆེན་བསྟན་འཛིན་གྱིས་ བཤད་མིའི་ནང་ གཞུང་ལམ་བདའ་སྟེ་ཡོད་པའི་ ལམ་རྟགས་རྙིངམ་ཚུ་ ཌཱན་ཊག་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ བཤིག་གཏང་ནི་ལུ་ རྩ་འགེངས་དོ་ཟེར་ཨིན་པས།
ལས་ཁུངས་ཀྱིས་འབད་བ་ཅིན་ དགོས་མཁོ་དང་འཁྲིལ་ཏེ་ གནས་ཚད་ཅན་གྱི་ ལམ་རྟགས་ཚུ་ ལག་ལེན་འཐབ་སྟེ་ཡོད་ཟེར་ཨིནམ་ད་ ཞབས་ཏོག་ལྷན་ཁག་འོག་གི་ ཉམས་བཅོས་སྡེ་ཚན་གྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ རྡོ་རྗེ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ལྷན་ཁག་གིས་ ཧེ་མ་ལས་ ལམ་སྟོན་གྱི་སྐོར་ལས་ གྲོས་བསྟུན་འབད་དེ་ཡོདཔ་ལས་ འབྲེལ་ཡོད་ལས་སྡེ་ཚུ་གིས་འབད་རུང་ ལམ་རྟགས་ཚུ་ ལམ་སྟོན་དང་འཁྲིལ་ཏེ་ ལག་ལེན་འཐབ་དོ་འོང་ཟེར་ཨིན་པས།
འབྲེལ་ཡོད་ལས་སྡེ་ཚུ་ཡང་ ཁྲོམ་སྡེ་དང་ རྫོང་ཁག་ དེ་ལས་ ས་གནས་གཞུང་ཚུ་ཨིནམ་བཞིན་དུ་ ཁོང་གིས་ འཁོར་ལམ་བདའ་སྟེ་ གནས་ཚད་ཅན་གྱི་ལམ་རྟགས་ཚུ་ ལག་ལེན་འཐབ་མ་འཐབ་ཚུ་ ལྟ་རྟོག་འབད་དགོ་ཟེར་ རྡོ་རྗེ་རྒྱལ་མཚན་གྱིས་ བཤད་ཅི།
ཁོ་གིས་འབད་བ་ཅིན་ གཞུང་ལམ་དང་ འཁོར་ལམ་ཡོད་མི་ག་ར་ལུ་ ལམ་རྟགས་བཀོད་དགོཔ་མེད་རུང་ ལམ་རྟགས་ལ་ལོ་ཅིག་ ངེས་པར་དུ་ བཀོད་དགོཔ་ཡོད་མི་ཚུ་ཡང་ འགྲོ་འགྲུལ་པ་ཚུ་གིས་ ཤེས་ནིའི་དོན་ལུ་ ས་གནས་དང་ ལམ་ཕྱོགས་ དེ་ལས་ ཀི་ལོ་མི་ཊར་ཚུ་ སྦྱར་དགོ་ཟེར་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ཁ་ཐུག་ལས་ ལམ་རྟགས་ཚུ་ གཅིག་མཚུངས་དང་ ལམ་སྟོན་དང་འཁྲིལ་ཏེ་ར་ བཟོ་ནིའི་དོན་ལུ་ རྩ་འགེངས་དོ་ཡོདཔ་ད་ བརྡ་རྟགས་ཀྱི་ལམ་སྟོན་དང་འཁྲིལཝ་ད་ ད་རེས་ནངས་པར་ ལམ་རྟགས་ཚུ་ཡང་ དགོས་མཁོ་དང་འཁྲིལ་ཏེ་ བཙུགས་དོ་ཟེར་ཨིནམ་ད་ ལམ་སྟོན་དེ་ཡང་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ བཀྲམ་སྤེལ་འབད་དེ་ཡོད་ཟེར་ རྡོ་རྗེ་རྒྱལ་མཚན་གྱིས་ བཤད་ཅི།
རྡོ་རྗེ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ འབྲུག་ཤར་ཕྱོགས་དང་ ཕུན་ཚོགས་གླིང་ གཞུང་ལམ་བདའ་སྟེ་ ཌཱན་ཊག་གིས་ ལམ་གྱི་བརྡ་དོན་སྦྱར་ཡོད་མི་ ལ་ལོ་ཅིག་ བསྒྱུར་བཅོས་འབད་ཡི་ཟེར་ཨིན་པས།
མདོ་ཆེན་བསྟན་འཛིན་གྱིས་འབད་བ་ཅིན་ ལས་འགུལ་གྱིས་བཙུགས་མི་བརྡ་དོན་ཚུ་ ལམ་སྟོན་ནང་མེདཔ་ལས་ གཞུང་ལམ་བདའ་སྟེ་ སྦྱར་མི་ཆོག་ཟེར་ཨིནམ་ད་ རྒྱལ་ཁབ་ནང་ འགྲོས་ཀྱིས་སྦེ་ ལམ་གྱི་རྟགས་སྟོན་ཚུ་ གཅིག་མཚུངས་བཟོ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ལམ་སེལ་འགོ་དཔོན་ཚུ་གིས་ ཌཱན་ཊག་ལས་འགུལ་གྱིས་ མགྱོནམ་ཚུ་ སྤ་རོ་ལུ་ བྱོན་པ་ལེགས་སོ་ཞུ་བའི་ བརྡ་བྱང་བཟོ་མི་དེ་ ད་རེས་ སྤ་རོ་ལུ་བྱོན་པ་ལེགས་སོ་ཟེར་ བསྒྱུར་བཅོས་འབད་ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *