ཉོགས་མེད་ཡི་གུ་ཚུ་ འཐོབ་ཚུགས་པ་ཅིན་ ཤིང་མཁར་སྒོར་གཱན་གྱི་ཕྲང་ལམ་ དུས་ཅི་ར་ བཟོ་སྐྲུན་འབད་ནི།

༉ ཤིང་མཁར་སྒོར་གཱན་གྱི་ ཕྲང་ལམ་བཟོ་སྐྲུན་འབད་ནི་དེ་ སྤྱི་ཚོགས་༢ པའི་ ཚོགས་ཐེངས་༢ པའི་ནང་ལས་ར་ ཆ་འཇོག་གྲུབ་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ ག་ཅི་ཡང་ འབད་མ་ཚུགས་མི་ལུ་བལྟ་བ་ཅིན་ གཞུང་དང་ བློན་ཆེན་ སོ་ནམ་བློན་པོ་དང་ ཞབས་ཏོག་བློན་པོ་ཚུ་ག་ར་ འཐུས་ཤོར་བྱུང་བའི་ རྟགས་མཚན་ཅིག་ཨིན་མས་ཟེར་ སྒང་ཟུར་སྨིན་རྗེ་གི་འཐུས་མི་ ཀརྨ་རང་གྲོལ་གྱིས་ ཞུ་ཡི།

འཐུས་མི་གིས་ ཞུ་མིའི་ནང་ མ་གཞི་ལཱ་དེ་ དེ་བསྒང་ལས་ར་ འགོ་བཙུགས་ཚུགས་པ་ཅིན་ ལོ་༢ དང་༣ གྱི་བར་ན་ མཇུག་བསྡུ་ཚུགས་ནི་མས་ཟེར་ཞུ་ཡི།
ཁོ་གིས་ འདེམས་ཁོངས་ལྟ་སྐོར་ནང་ འགྱོ་བའི་སྐབས་ལུ་ཡང་ འདས་པའི་གཞུང་གིས་ འབད་མ་ཚུགས་པའི་ལཱ་ཅིག་ ད་ལྟོའི་གཞུང་གིས་ ཆ་འཇོག་ཐོག་ འབད་ནི་ཨིནམ་ལས་ མི་སེར་ཚུ་གིས་འབད་རུང་ བཀའ་དྲིན་དགའ་ཚོར་བསམ་དགོཔ་དེ་ ཁག་ཆེ་ཟེར་ ཞུ་ཡི།
ལྷུན་རྩེ་རྫོང་ཁག་དེ་ མཐའ་ཟུར་ཅིག་ཨིནམ་མ་ཚད་ དབུལ་ཕོངས་ཀྱི་དཀའ་ངལ་ཡོད་པའི་ རྫོང་ཁག་ཅིག་འབདཝ་ལས་ ཕྲང་ལམ་སེལ་མི་དེ་གིས་ ཕན་ཐོགས་སྦོམ་འབྱུང་ནི་ཨིནམ་བཞིན་དུ་ གཞུང་གི་ཁ་ཐུག་ལས་ ད་ལྟོ་འགོ་བཙུགས་རུང་ བཙུགས་ཚུགས་པའི་ གོ་སྐབས་འདུག་ཟེར་ཞུ་ཡི།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཤིང་མཁར་སྒོར་གཱན་གྱི་ ལམ་གྱི་ལོ་རྒྱུས་དེ་ འདས་པའི་གཞུང་གི་སྐབས་ལས་ར་ གསུང་གྲོས་གནངམ་གནང་སར་ཨིནམ་ལས་ ད་རེས་ནངས་པའི་ ལོ་རྒྱུས་མེན་ཟེར་ཞུ་ཡི།
བློན་ཆེན་གྱིས་འབད་བ་ཅིན་ ཤིང་མཁར་སྒོར་གཱན་གྱི་ ཕྲང་ལམ་ཐད་ཁར་ གཅིག་ལས་འབད་བ་ཅིན་ ཁོ་ར་ མཐུས་ཤོར་སོང་སྟེ་འབད་རུང་ གཅིག་ལས་འབད་བ་ཅིན་ འཐུས་མ་ཤོར་ཟེར་ མནོཝ་མས་ཟེར་ཞུ་ཡི།
འཐུས་ཤོར་བྱུང་མི་དེ་ ཤིང་མཁར་ལས་ སྒོར་གཱན་གྱི་ ཕྲང་ལམ་ལཱ་ འགོ་བཙུགས་མ་ཚུགས་མི་དེ་ཨིནམ་ད་ འཐུས་མ་ཤོར་མི་དེ་ རྩ་ཁྲིམས་ཆེན་མོ་དང་ བཅའ་ཁྲིམས་ བཅའ་ཡིག་དང་སྒྲིག་གཞི་ དེ་ནང་འབྲེལ་གཏོགས་ཡོད་མི་ ཞི་གཡོགཔ་ལེ་ཤ་ཡོདཔ་ལས་ ཁོང་དང་འཁྲིལ་ཏེ་འབད་ཡོདཔ་ལས་ འཕྲལ་ལུ་ལྷུན་རྩེ་གི་མི་སེར་ལུ་ ཕན་ཐོགས་ནི་ཨིན་རུང་ རྒྱལ་ཁབ་ཀྱི་ཁྲིམས་ལུ་ གནོད་ནི་ཨིནམ་ལས་ རྒྱལ་ཁབ་ཀྱི་ མ་འོངས་མཐའ་དོན་ལུ་དམིགས་ཏེ་ བཀག་ཚུགས་ཅི་ཟེར་ཞུ་ཡི།
མ་གཞི་ ཤིང་མཁར་ལས་ སྒོར་གཱན་གྱི་ལམ་དེ་ སེལ་ཚུགས་པ་ཅིན་ ལྷུན་རྩེ་ཚུན་ཚོད་ ཀི་ལོ་མི་ཊར་༩༢ དང་ མོང་སྒར་ཚུན་ ཀི་ལོ་མི་ཊར་༣༠ གིས་ ལམ་ཐག་ཐུང་སུ་ འགྱོ་ནི་ཨིན་པས།
གཞུང་གི་རེ་བ་ལས་འབད་བ་ཅིན་ མི་སེར་གྱི་མཐའ་དོན་ལུ་དམིགས་ཏེ་ ལམ་བཏོན་ནི་ཨིན་རུང་ བཅའ་ཁྲིམས་དང་ མཐའ་འཁོར་གནས་སྟངས་ཀྱི་ ཉོགས་མེད་ལག་ཁྱེར་དང་ གནོད་ཉེན་བརྟག་ཞིབ་ལག་ཁྱེར་ཚུ་ དགོཔ་ཡོདཔ་ལས་ དེ་ཚུ་ ཐོབ་སྟེ་མེདཔ་ལས་ འགོ་བཙུགས་མ་ཚུགས་ཟེར་ བློན་ཆེན་གྱིས་ཞུ་ཡི།
ཨིན་རུང་ ཤིང་མ་ལས་ དཔལ་ཕུག་ཚུན་ཚོད་ ཉེན་སྲུང་གི་ས་ཁོངས་ནང་ མི་ཚུད་དོ་ཡོདཔ་ལས་ ད་ལྟོ་ གནོད་ཉེན་གྱི་བརྟག་ཞིབ་ཚུ་འབད་དོ་ཡོདཔ་ལས་ མཐའ་འཁོར་གནས་སྟངས་ལྷན་ཚོགས་ནང་བཙུགས་ཏེ་ ཉོགས་མེད་ཡི་གུ་ཚུ་ འཐོབ་ཚུགས་པ་ཅིན་ དུས་ཅི་ར་ འགོ་བཙུགས་རུང་ བཙུགས་ཚུགས་ཟེར་ཞུ་ཡི།
བློན་ཆེན་གྱིས་འབད་བ་ཅིན་ ལམ་སེལ་ཆོག་པའི་ ཉོགས་མེད་ཡི་གུ་དེ་ར་ འཐོབ་པ་ཅིན་ ལམ་སེལ་ནི་གི་ མ་དངུལ་ཚུ་ཡང་ ལངམ་སྦེ་ཡོདཔ་མ་ཚད་ འཕྲུལ་ཆས་ཀྱི་དཀའ་ངལ་ཡང་མེདཔ་བཞིན་དུ་ བཟོ་བཀོད་ཚུ་ཡང་ གྲ་སྒྲིག་ཡོདཔ་ལས་ སྟབས་མ་བདེཝ་མེད་ཟེར་ ཞུ་ཡི།
སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ ཞུ་མིའི་ནང་ གཙོ་བོ་ར་ ཧེ་མ་ལས་ ཁྲིམས་ལུགས་དང་མ་འཁྲིལ་བར་ ལམ་སེལ་སེལཝ་ དཔེ་འབད་བ་ཅིན་ སྒོམ་ཕུག་ལས་ པཱན་སྦང་གི་ལམ་ཚུ་ཡོདཔ་ལས་ གཞུང་གིས་ ཁྲིམས་དང་འཁྲིལ་ཏེ་ རང་གི་དབང་ཚད་བཟུང་སྟེ་འབད་ནི་ཨིན་པ་ཅིན་ སྤྱི་ཚོགས་ནང་ ཁྲིམས་བཟོ་དགོཔ་མེདཔ་མ་ཚད་ དེ་གིས་ དཔེ་ངན་པ་ སྟོན་ནི་མས་ཟེར་མནོ་སྟེ་ ཚུལ་དང་མཐུན་ཏོག་ཏོ་སྦེ་འབད་ནི་སྦེ་ བཞག་ཅི་ཟེར་ཞུ་ཡི།
ནགས་ཚལ་ལས་ཁུངས་དང་ ཞབས་ཏོག་ལྷན་ཁག་ རང་བཞིན་གནས་སྟངས་ལྷན་ཚོགས་ཚུ་གིས་ མཉམ་རུབ་ཐོག་ལས་ ལཱ་འབད་བཅུག་མི་དེ་ཡང་ ཁྲིམས་ཀྱི་རིང་ལུགས་དང་འཁྲིལ་ཏེ་ ཚུལ་མཐུན་བཞག་ཡོདཔ་སྦེ་ ཞུ་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *