༉ སྤ་རོ་རྡོ་དཀར་རྒེད་འོག་ནང་ རྡོ་བཏོན་དང་ བཀྲམ་སྤེལ་འབད་མི་ ཇོ་བདག་གིས་ གན་རྒྱ་དང་འཁྲིལ་ མནྡལ་གཡུས་ཚན་གྱི་ མི་སེར་ཚུ་ལུ་ སྤྱོད་འཐུས་སྤྲོད་མ་བཏུབ་མི་ལུ་བརྟེན་ རྡོ་བཏོན་ནིའི་ལཱ་དེ་ མཚམས་འཇོག་འབད་ནུག།
དེ་ཡང་ ཇོ་བདག་བཙན་སྐྱོགས་རིག་འཛིན་དང་ གཡུས་ཚན་དེ་གི་ མི་སེར་ཚུ་གི་བར་ན་ སྤྱི་ལོ་༢༠༡༧ ཟླ་༧ པའི་ཚེས་༢༠ ལུ་ བཟོ་མི་གན་རྒྱ་དང་འཁྲིལཝ་ད་ མི་སེར་ཚུ་གི་ཧོངས་ལས་ ཁོ་ལུ་ ལོ་གཅིག་གི་རིང་ རྡོ་བཏོན་ཆོག་པའི་གནང་བ་ བྱིན་ཡོདཔ་མ་ཚད་ འཁོར་ལམ་ལག་ལེན་གྱི་དོན་ལུ་ ལོ་བསྟར་བཞིན་དུ་ སྤྱོད་འཐུས་དངུལ་ཀྲམ་༧༠,༠༠༠ མི་སེར་ལུ་ སྤྲོད་དགོཔ་ཨིན་པས།
དེ་འབདཝ་ད་ བཙན་སྐྱོགས་རིག་འཛིན་གྱིས་ སྤྱོད་འཐུས་སྤྲོད་མ་བཏུབ་པའི་ཁར་ དུས་ཡུན་ཚང་སོ་རུང་ ལཱ་འཕྲོ་མཐུད་འབད་སྡོད་ནུག་ཟེར་ མི་སེར་གྱི་ངོ་ཚབ་ བཀྲིས་ཀྱིས་ བཤདཔ་ཨིན་པས།
ད་རུང་ ཇོ་བདག་དེ་གིས་ རྡོ་བཏོན་གྱི་ལཱ་ཚུ་ གན་རྒྱ་ནང་ཚུད་ཡོད་པའི་ ས་ཁོངས་ལས་མེན་པར་ ས་གནས་གཞན་ཁ་ལས་འབད་ཡོད་པའི་སྐོར་ལས་ཡང་ མི་སེར་ཚུ་གིས་ ནགས་ཚལ་དང་ གླིང་ག་ཞབས་ཏོག་ལས་ཁུངས་ལུ་ ཉོགས་བཤད་ཡི་གུ་བཙུགས་ཡོདཔ་ཨིན་པས།
མི་སེར་ཚུ་གིས་འབད་བ་ཅིན་ འཁོར་ལམ་དེ་ སྤྱི་ལོ་༢༠༡༢ ལུ་ མནྡལ་གཡུས་ཚན་གྱི་ མི་སེར་ག་ར་བསྡོམས་ཐོག་ལས་ ས་ཁྲམ་ཡོད་མི་ སའི་ཇོ་བདག་ཚུ་ལས་ ལ་ལོ་གིས་ དངུལ་ཀྲམ་༡༠༠,༠༠༠ དང་ ལ་ལོ་གིས་ དངུལ་ཀྲམ་༣༠,༠༠༠ སྤྲོད་ཐོག་ལས་ རྒྱུ་དང་སྦུང་༢ ཆ་ར་བཏོན་ཏེ་ སེལ་ཡི་ཟེར་ཨིནམ་ད་ གན་རྒྱ་ནང་ དངུལ་ཀྲམ་༧༠,༠༠༠ འཁོད་མི་དེ་ཡང་ འཁོར་ལམ་ཉམས་བཅོས་ཀྱི་དོན་ལུ་ སྤྱོད་འཐུས་སྦེ་ བཞག་བཞགཔ་ཨིན་ཟེར་ བཀྲིས་ཀྱིས་བཤད་ཅི།
བཙན་སྐྱོགས་རིག་འཛིན་གྱིས་ སླབ་མིའི་ནང་ རྡོ་བཏོན་ཆོག་པའི་གན་རྒྱ་གུ་ མི་སེར་ཚུ་གི་ཧོངས་ལས་ བརྒྱ་ཆ་ལས་༩༥ དེ་ཅིག་གིས་ ལག་ཐི་བྱིན་ཏེ་ཡོད་ཟེར་ཨིནམ་ད་ མི་སེར་ཚུ་གིས་ ཁག་འབགཔ་གཞན་ལུ་ རྡོ་བསྡུ་བསྒྱོམ་འབད་ནི་དོན་ལུ་ སྤྱོད་འཐུས་དངུལ་ཀྲམ་༥༠,༠༠༠ སྦེ་ བྱིན་ཡོདཔ་ཨིན་རུང་ ཁོ་གིས་ མི་སེར་ཚུ་ལུ་ ཕན་ཐོགས་མས་མནོ་སྟེ་ དངུལ་ཀྲམ་༧༠,༠༠༠ བྱིན་ནི་སྦེ་ ཁས་ལེན་འབད་ཡི་ཟེར་ཨིན་པས།
ས་གནས་ཀྱི་ མི་སེར་ལ་ལོ་གིས་ སླབ་མིའི་ནང་ རྡོ་བཏོན་མི་གིས་ ཉིནམ་༢ དེ་ཅིག་ ས་བརྐོ་འཕྲུལ་ཆས་དང་ སྣུམ་འཁོར་ཊི་པར་༢ བཙུགས་ཏེ་ འཁོར་ལམ་ཉམས་བཅོས་འབད་ས་མཐོང་ཅི་ཟེར་ཨིན་པས།
མི་སེར་ཚུ་གིས་འབད་བ་ཅིན་ གན་རྒྱ་དང་འཁྲིལཝ་ད་ རྡོ་བཏོན་ས་དེ་ རྫིང་ཀོ་ཤ་ཟེར་མི་ ས་ཁོངས་ནང་ལས་ བཏོན་དགོཔ་ཨིན་རུང་ བཙན་སྐྱོགས་རིག་འཛིན་གྱིས་ ཝ་རྡོ་ལུངམ་ལུ་ ས་བརྐོ་འཕྲུལ་ཆས་བཙུགས་ཏེ་ རྡོ་བཏོན་མི་ལུ་བརྟེན་ རང་བཞིན་གནས་སྟངས་ལུ་ གནོད་པ་འབྱུང་ཉེན་ཡོདཔ་ལས་ ལཱ་བཀག་ཆག་འབད་དགོཔ་སྦེ་ ཉོགས་བཤད་ཡི་གུ་བཙུགས་ཅི་ཟེར་ཨིན་པས།
བཙན་སྐྱོགས་རིག་འཛིན་གྱི་ སླབ་མིའི་ནང་ ད་ལྟོ་ རྡོ་བཏོན་སའི་ས་གནས་དེ་ རྫིང་ཀོ་ཤ་ཨིནམ་སྦེ་ གོ་བ་ལེན་ཡོདཔ་ལས་ ས་བརྐོ་འཕྲུལ་ཆས་བཙུགས་ཡོདཔ་མ་ཚད་ ས་གནས་ཝ་རྡོ་ལུངམ་ལུ་ སྣུམ་འཁོར་བསྒྱིར་ནིའི་དོན་ལུ་ ལམ་སེལ་སེལཝ་རྐྱངམ་གཅིག་མ་གཏོགས་ རང་བཞིན་གནས་སྟངས་ལུ་གནོད་པའི་ ལཱ་ག་ནི་ཡང་མ་འབད་ཟེར་ཨིནམ་ད་ རྡོ་བཏོན་ཏེ་ བདུན་ཕྲག་ལངམ་ཅིག་ར་ཨིནམ་ལས་ ད་ལྟོ་ག་ཏེ་ཡང་ མ་བཙོང་པར་ ས་ཁོངས་དེ་ནང་ར་ཡོད་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ནགས་ཚལ་དང་ གླིང་ག་ཞབས་ཏོག་ལས་ཁུངས་ཀྱིས་ མི་སེར་ཚུ་ལས་ ཉོགས་བཤད་ཡི་གུ་ཐོབ་པའི་ཤུལ་ལུ་ དེ་འཕྲོ་ལས་ སྤྱི་ཟླ་༨ པའི་ཚེས་༢༡ ལུ་ མཁས་མཆོག་ཚུ་ རྡོ་བཏོན་སའི་ ས་ཁོངས་ནང་བཏང་ཡོདཔ་ལས་ ད་ལྟོ་ བརྟག་ཞིབ་འབད་བའི་བསྒང་ཨིན་པའི་གནས་ཚུལ།
སྤ་རོ་ལས་ གནས་བརྟན་རྡོ་རྗེ།