ཉོ་སྤྱོད་ཡིག་ཚང་གིས་ ཚོང་འབྲེལ་ཁང་༤༦ ལུ་ ཉེས་བྱ་བཀལ་ཡོདཔ།

༉ སྤྱི་ཟླ་༤ པའི་ཟླཝ་ནང་ར་ ཉོ་སྤྱོད་ཡིག་ཚང་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ ཉོ་སྤྱོདཔ་ཚུ་ལས་ ཉོགས་བཤད་༡༦ ཐོབ་ཡོདཔ་ཨིན་པས།

ད་རུང་ ཟླཝ་དེ་ནང་ར་ ཡིག་ཚང་གིས་ ཚོང་ཁང་༤༦ ལུ་ ཉེས་བྱ་བཀལ་ཡོདཔ་མ་ཚད་ ཚོང་ཁང་༥༩ གིས་ རྣམ་དག་མེད་པའི་ ཚོང་འབྲེལ་འཐབ་མི་དེ་ལུ་ བཙོང་མི་དང་ ཉོ་མིའི་བར་ན་ བདེ་སྒྲིག་བཟོ་བྱིན་ཡོདཔ་ཨིན་པས།

ཉོགས་བཤད་༡༦ ལས་༢ ཐོན་སྐྱེད་སྐྱོན་ཞུགས་དང་༤ ཞབས་ཏོག་མཁོ་སྤྲོད་ཀྱི་ ཁ་ཚིག་བསྒྲུབ་མ་ཚུགས་མི་ ཉོགས་བཤད་༧ ཀུན་སྤྱོད་དང་མ་ལྡན་པའི་ ཚོང་འབྲེལ་འཐབ་ཡོདཔ་བཞིན་དུ་ ཉོགས་བཤད་༣ གོང་ཚད་གཡོ་བཅོས་འབད་བའི་སྐོར་ཨིན་པས།

ཉོ་སྤྱོད་ཡིག་ཚང་གི་ ལས་རིམ་གཙོ་འཛིན་འགོ་དཔོན་ འཇིགས་མེད་རྡོ་རྗེ་གིས་ སླབ་མིའི་ནང་ ཐོན་སྐྱེད་སྐྱོན་ཞུགས་མི་༢ པོ་དེ་ མཆོད་ཆས་༡ དང་ ཁྱིམ་ནང་ལག་ལེན་འཐབ་མི་ མཁོ་ཆས་ཨིནམ་ད་ དེ་ཡང་ ཉོ་སྤྱོདཔ་ཅིག་གིས་ ཐོན་སྐྱེད་དེ་ ལག་ལེན་འཐབ་མ་བཏུབ་པའི་སྐོར་ ཉོགས་བཤད་བཀོད་མི་ལུ་བརྟེན་ ཏི་རུ་ལོག་སྤྲོད་ཅི་ཟེར་ བཤདཔ་ཨིན་པས།

ཐོན་སྐྱེད་གཞན་དེ་ འཐག་འཕྲུལ་དང་ གློག་ཤུགས་ཀྱི་ སྐོལ་སྣོད་ཨིནམ་ད་ ཐོན་སྐྱེད་གཉིས་ཆ་ར་ ཉོ་ཚར་བའི་ཤུལ་ལུ་ ལག་ལེན་འཐབ་མ་བཏུབ་ལས་ ཚབ་སྤྲོད་ཅི་ཟེར་ ཁོ་གིས་ བཤདཔ་ཨིན་པས།

གཙོ་འཛིན་གྱིས་འབད་བ་ཅིན་ ཁས་ལེན་གྱི་ཁ་ཚིག་བཟོ་མིའི་ཐད་ལུ་ ཅ་ཆས་སྐྱེལ་སྤྲོད་ཀྱི་དོན་ལུ་ སྔོན་བྱིན་སྤྲོད་མི་དང་འཁྲིལ་ ཁ་ཚིག་བསྒྲུབ་མ་ཚུགས་པའི་ཁར་ སྔོན་བྱིན་ལོག་མ་སྤྲོད་མིའི་སྐོར་ཨིན་པས།

ཉོགས་བཤད་ཕྱམ་ཕྱིམ་བཀོད་མི་ཚུ་ཡང་ མི་སྡེ་བརྡ་བརྒྱུད་ནང་ ཐོན་སྐྱེད་ཀྱི་སྐོར་ལས་ མགུ་སྐོར་དང་འབྲེལ་བའི་ ཚོང་བསྒྲགས་འབད་མི་དང་ གཟུགས་ཁམས་འཕྲོད་བསྟེན་ལུ་ ཕན་ཐོགས་ཀྱི་ སྒྲུབ་བྱེད་མེད་པའི་ ཐོན་སྐྱེད་བཙོང་མི་ དེ་ལས་ མི་སྡེ་བརྡ་བརྒྱུད་ནང་ ཚོང་བསྒྲགས་འབད་མི་ ཅ་ཆས་ཚུ་ བཀྲམ་སྤེལ་འབད་ནི་ལུ་ འཐུས་ཤོར་བྱུང་པའི་ཁར་ ཚོང་མགྲོན་པ་ཅིག་གིས་ ཡོངས་འབྲེལ་ཐོག་ལས་ དངུལ་ལན་ཐེངས་༢ སྤྲོད་མི་ལུ་ རྒུད་འཐུས་སྤྲོད་མ་བཏུབ་མི་ཚུ་ཨིན་པས།

གཙོ་འཛིན་གྱིས་ སླབ་མིའི་ནང་ ཁྲོམ་ཁར་བཙོང་ནི་ཡོད་མི་ ཐོན་སྐྱེད་དེ་ གཟུགས་ཁམས་ལུ་ ཕན་ནུས་ཡོདཔ་སྦེ་ བཀོད་ཡོདཔ་ད་ ཐོན་སྐྱེད་ཀྱི་མིང་དེ་ ནད་ཡམས་ཀོ་བིཌ་-༡༩ དྲག་ཚུགས་པའི་ སྨན་ཨིན་ཟེར་ གསལ་བཀོད་འབད་ཡོདཔ་ཨིན་པས།

ཉོགས་བཤད་ཚུ་དང་འཁྲིལ་ ཉོ་སྤྱོད་ཡིག་ཚང་གིས་ ཉོགས་བཤད་བཀོད་མི་དང་ ཚོང་འབྲེལ་པའི་བར་ན་ བར་འགྲིག་ཐོག་ ཏི་རུ་ལོག་སྤྲོད་ནི་དང་ ཡང་ཅིན་ སྐྱོན་ཞུགས་མི་ ཅ་ཆས་ཚུ་ ཚབ་སྤྲོད་བཅུག་ཅི་ཟེར་ཨིན་པས།

ད་རུང་ ཚོང་འབྲེལ་འཐབ་མི་ཚུ་ལུ་ ཁོང་རའི་ འཛོལ་བ་ཚུ་ ནོར་བཅོས་འབད་དེ་ བཅའ་ཡིག་དང་སྒྲིག་གཞི་ཚུ་ལུ་ གནས་དགོཔ་བཞིན་དུ་ དེ་མེན་ ད་རུང་ ཁྲིམས་ཀྱི་དང་ལེན་འབད་ནི་ཨིན་པའི་ ཉེན་བརྡ་བྱིན་ཡི་ཟེར་ གཙོ་འཛིན་གྱིས་ བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཉོ་སྤྱོད་ཡིག་ཚང་གིས་ ཉོ་སྤྱོདཔ་ཚུ་ལས་ ཚོང་ཁང་ཅིག་གི་སྐོར་ལས་ ཉོགས་བཤད་ག་ཅི་ར་བཀོད་རུང་ ངོས་ལེན་འབདཝ་བཞིན་དུ་ ཉོ་སྤྱོདཔ་ཚུ་གི་ ཁ་ཐུག་ལས་འབད་རུང་ ཚོང་ཆས་མ་ཉོ་བའི་ཧེ་མ་དང་ ཡང་ཅིན་ ཡོངས་འབྲེལ་ཐོག་ལས་ ཉོ་ཚོང་མ་འཐབ་པའི་ སྔ་གོང་ལས་ ཅ་ཆས་ལེགས་ཤོམ་ཡོད་མེད་ བརྟག་ཞིབ་འབད་དགོ་ཟེར་ དྲན་བསྐུལ་འབདཝ་ཨིན་པའི་གནས་ཚུལ།

About admin

Check Also

རྒྱུ་དངོས་གསལ་སྟོན་འབད་ནིའི་ དུས་ཚོད་ཕར་འགྱངས་འབད་དགོ་པའི་ཞུ་བ།

༉ རྒྱལ་ཁབ་ཀྱི་ཁྲིམས་དང་ ལམ་ལུགས་ཚུ་དང་འཁྲིལ་ ལོ་བསྟར་བཞིན་དུ་ རྒྱུ་ནོར་ལ་སོགས་པའི་རིགས་ ག་ཅི་ར་ ཉོ་སྒྲུབ་འབད་ཡོདཔ་ཨིན་ན་དང་ སྤྱི་གཡོགཔ་གི་ མིང་ཐོ་ཁར་ རྒྱུ་དངོས་འཆང་ཡོད་མི་ཚུ་ གསལ་སྟོན་འབད་དགོཔ་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ ང་བཅས་ག་ར་གིས་ མ་ཤེསཔ་མེད་ཟེར་ཞུ་ནི། སྤྱི་ཟླ་༦ …

Leave a Reply

Your email address will not be published. Required fields are marked *