ཉེས་ལས་འཐབ་པའི་ སྙན་ཞུ་ལྷོད་རུང་ ངོས་ལེན་གང་མགྱོགས་ འབད་མི་ཚུགས་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལས་ ཀི་ལོ་མི་ཊར་༦༧ དེ་ཅིག་ཡོད་མི་ བསམ་གྲུབ་ཆོས་གླིང་དྲུང་ཁག་ནང་ ཉེས་ལས་དང་འབྲེལ་བའི་ ཉོགས་བཤད་ཚུ་ གངམ་འཐོན་ནི་མེད་རུང་ ཉེས་ལས་རེ་གཉིས་ཐོནམ་ད་ ཁྲིམས་སྲུང་འགག་པ་གིས་ དེ་འཕྲོ་ལས་ ངོས་ལེན་འབད་མ་ཚུགས་པའི་ དཀའ་ངལ་ཡོདཔ་ཨིན་པས།
ར་ཊ་ལས་ པདྨ་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ དྲུང་ཁག་ནང་ ས་གནས་གཞན་ཚུ་བཟུམ་སྦེ་ ཉེས་ལས་འཐོན་ནི་ མེད་རུང་ འཕྲལ་འཕྲལ་ཐོན་པའི་སྐབས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་རུང་ དུས་ཚོད་ཁར་ མི་ལྷོད་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྲིམས་སྲུང་འགག་པ་ ས་ཁོངས་ནང་ ལྷོད་པའི་བསྒང་ལས་ ཉེས་ལས་འཐབ་མི་ དོགས་ཅན་ཚུ་ བྱོག་ཐལ་དོ་ཡོདཔ་ལས་ བདའ་མ་ཟུན་པའི་ དཀའ་ངལ་འདུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེ་ལུ་ཡང་ གདོང་ལེན་ཡོདཔ་ད་ གཡུས་མི་གཞན་ ཚེ་དབང་གིས་ སླབ་མིའི་ནང་ ཁྲིམས་སྲུང་འགག་པ་ ས་ཁོངས་ནང་ དུས་ཚོད་ཁར་ ལྷོད་མ་ཚུགས་མི་དེ་ ཁོང་ལུ་ འཛོལ་བ་མེད་ཟེར་ཨིནམ་ད་ ག་འཆརཔ་ཟེར་བ་ཅིན་ འགག་སྡེའི་ཡིག་ཚང་ནང་ འགོ་དཔོན་མེད་པའི་ཁར་ སྒྲིག་གཡོག་གི་ སྣུམ་འཁོར་ཕུད་རྡོག་གཅིག་ཡང་མེདཔ་ལས་ སྙན་ཞུ་འབདཝ་ཅིག་ དེ་འཕྲོ་ལས་ ས་ཁོངས་ནང་ ལྷོད་ཐབས་མིན་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།
བསམ་གྲུབ་ཆོས་གླིང་ལུ་ འགག་སྡེའི་ཡིག་ཚང་ གཞི་བཙུགས་འབད་དེ་ ལོ་༣ དེ་ཅིག་ ལྷག་སོ་རུང་ འགོ་དཔོན་དང་ སྒྲིག་གཡོག་གི་ སྣུམ་འཁོར་མེད་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཨིན་ན་ མ་ཤེས་ཟེར་ ཚེ་དབང་གིས་ བཤད་པའི་ཁར་ འགག་སྡེ་ལུ་ སྣུམ་འཁོར་༡ ཡོད་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
དེ་ལས་ ཟླ་བ་འབྲུག་པ་གིས་ དྲུང་ཁག་ཉེ་འདབས་ཀྱི་ ས་ཁོངས་ཚུ་ནང་ ཉེས་ལས་ལ་སོགས་པ་ཚུ་ཐོནམ་ད་ ཆ་རོགས་ཚུ་ལས་ རྒྱབ་སྐྱོར་ལེན་ཐོག་ལས་ གདོང་ལེན་འབད་དོ་ཡོད་རུང་ བསམ་རང་བཟུམ་ཅིག་ནང་འབད་བ་ཅིན་ ཀི་ལོ་མི་ཊར་༢༤ དེ་ཅིག་ འགྲོ་འགྲུལ་འབད་དགོཔ་ལས་ དཀའ་ངལ་སྦོམ་ར་འདུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ དྲུང་ཁག་འགག་སྡེའི་ ཡིག་ཚང་ནང་ འགོ་དཔོན་མེདཔ་ལས་ སྣུམ་འཁོར་གྱི་ ཐོབ་ལམ་མེད་ནི་དེ་གིས་ མ་བྱིན་ཟེར་བཤདཔ་ཨིན་རུང་ འགོ་དཔོན་དང་སྦྲགས་ སྣུམ་འཁོར་ཡང་ འཕྲལ་མགྱོགས་ར་ གཏང་འོང་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ དྲུང་ཁག་དེ་ནང་ བྱ་ངན་འབད་མི་ ཐོན་པའི་སྐབས་ བསམ་གྲུབ་ལྗོངས་མཁར་ལས་ འགོ་དཔོན་དང་ འགག་པ་ སྣུམ་འཁོར་ཚུ་ བཏང་ཞིནམ་ལས་ ཞིབ་དཔྱད་འབད་དེ་ བདེ་སྒྲིག་བཟོ་དོ་ཟེར་ཨིན་པའི་གནས་ཚུལ།

བསམ་གྲུབ་ཆོས་གླིང་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *