ཉེས་མེད་འཁྲུན་ཆོད་བཏོན་མི་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ བསམ་པ་མ་རྫོགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ནང་ ཆེ་མཐོ་ཁྲིམས་འདུན་གྱིས་ བསྟན་སྲུང་དམག་སྡེའི་ ལིང་དཔོན་སྲིད་རྒྱལ་ཚེ་དབང་དང་ དཔལ་དཔོན་ཉི་མ་རྒྱལ་མཚན་གཉིས་ལུ་ སྤྱི་ལོ་༢༠༡༣ ལུ་ བདེ་སྲུང་ཤོ་ཐེངས་༩ པའི་སྦྱོང་བརྡར་མ་དངུལ་ ལོག་སྤྱོད་འབད་བའི་ཉེས་འཛུགས་འབད་ཡོད་མི་དེ་ མཐོ་གཏུགས་འབད་བའི་ཤུལ་ལས་ ཉེས་པ་མེད་པའི་འཁྲུན་ཆོད་བཏོན་མི་དེ་ ནོར་འཁྲུལ་འདུག་ཟེར་ཨིན་པས།
ཉེས་འཛུགས་ཅན་གཉིས་ལུ་ ལུང་བསྟན་ཕུག་དམག་སྡེའི་ཁྲིམས་འདུན་གྱིས་ ཉེས་ཁྲིམས་བཀལ་བའི་ཤུལ་ལས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་བའི་སྐབས་ ཆེ་མཐོ་ཁྲིམས་འདུན་གྱིས་ ཐོག་མའི་ཁྲིམས་འདུན་གྱི་འཁྲུན་ཆོད་དེ་ ཧྲིལ་བུམ་བསྒྱུར་བཅོས་འབད་ཡོདཔ་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༢ ལུ་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་གསུམ་པ་གིས་ མཐོ་གཏུགས་འབད་མི་གཉིས་ཆ་ར་ ཉེས་མེད་བཏང་ཡོདཔ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འཁྲུན་ཆོད་དེ་གིས་ དོན་ཚན་གསུམ་ལུ་ ནོར་འཁྲུལ་བ་འདུག་ཟེར་བཀོད་ནུག།
ལྷན་ཚོགས་ཀྱིས་ ཆེ་མཐོ་ཁྲིམས་འདུན་གྱིས་གནང་མི་ འཁྲུན་ཆོད་ལུ་ རྗེས་དཔྱད་འབད་བའི་སྐབས་ ཆེ་མཐོ་ཁྲིམས་འདུན་གྱིས་ ལིང་དཔོན་སྲིད་རྒྱལ་ཚེ་དབང་གིས་ མཐོ་གཏུགས་འབད་བའི་སྐབས་ ཁོ་གི་ཉིན་དེབ་དེ་ སྒྲུབ་བྱེད་སྦེ་ ངོས་ལེན་འབད་མི་དེ་ ཚུལ་ལྡན་མིན་འདུག་ཟེར་བཀོད་ནུག།
ཐོག་མའི་ཁྲིམས་འདུན་གྱིས་ ཉིན་དེབ་དེ་ རྩོད་བཤེར་འབད་བའི་དུས་སྐབས་ནང་ བཟོ་ཡོད་པའི་སྒྲུབ་བྱེད་ ཁ་གསལ་ཐོན་པའི་ཤུལ་ལས་ སྒྲུབ་བྱེད་སྦེ་ ངོས་ལེན་མ་འབད་མི་དེ་ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ ཆ་གནས་མ་འབད་བས་ཟེར་ ལྷན་ཚོགས་ཀྱིས་བཀོད་ནུག།
དེ་མ་ཚད་ ཚོང་པ་ལ་ལོ་ཅིག་གིས་ ཉིན་དེབ་དེ་ལུ་ ཉེས་འཛུགས་ཅན་གྱིས་ ནན་བསྐྱར་དུ་ ལག་རྟགས་བཀོད་དགོཔ་སྦེ་ སླབ་པའི་ཤུལ་ལས་ རྐྱབ་ཡོདཔ་སྦེ་ ངག་བརྗོད་བྱིན་ཏེ་ཡོད་ཟེར་ཨིནམ་མ་ཚད་ སྲིད་རྒྱལ་ཚེ་དབང་གིས་འབད་རུང་ ལྷན་ཚོགས་ལུ་ ཁོ་གིས་ཉིན་དེབ་དེ་ ཁོ་ར་ བསམ་རྩེ་ལས་ཐིམ་ཕུག་ལུ་ གནས་སོར་འོངམ་ད་ མེདཔ་བཏང་ཡི་ཟེར་ ངག་བརྗོད་བྱིན་ཏེ་ཡོད་ཟེར་བཀོད་ནུག།
ལྷན་ཚོགས་ལས་ལྷོད་མི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ ཤོག་ལེབ་དག་པ་ཅིག་ཡོད་མི་ ཉིན་དེབ་དེ་ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ ངོས་ལེན་འབད་དེ་ འཁྲུན་ཆོད་གནང་མི་དེ་གིས་ འཁྲུན་ཆོད་གནང་པའི་སྐབས་ འཁྲུལ་བ་སྦོམ་བཟོ་ནུག་ཟེར་ བཀོད་ཡོད་པའི་ཁར་ ཆེ་མཐོ་ཁྲིམས་འདུན་གྱིས་ གནད་དོན་དེ་ལུ་ ཧེ་མ་ངག་བརྗོད་བྱིན་ཡོད་མི་ཚུ་ག་ར་ མཐིལ་ཕྱིན་སྦེ་ དབྱེ་ཞིབ་མ་འབད་བས་ཟེར་བཀོད་ནུག།
དེ་མ་ཚད་ ལྷན་ཚོགས་ཀྱིས་ འཁྲུན་ཆོད་དེ་ལུ་ རྗེས་དཔྱད་འབད་བའི་སྐབས་ ཁྲིམས་འདུན་གྱིས་ ཉེས་འཛུགས་ཅན་ སིྲ་རྒྱལ་ཚེ་དབང་ལུ་ཁེ་ཕན་འབྱུང་པའི་ ངག་བརྗོད་ཚུ་མ་གཏོགས་ ངག་བརྗོད་གཞན་ཚུ་ལུ་ ཞིབ་དཔྱད་མ་འབད་བས་ཟེར་བཀོད་ནུག།
ལྷན་ཚོགས་ཀྱི་ ལྷན་འཛིན་རྒྱ་མཚོ་གིས་ བཤད་མིའི་ནང་ ཆེ་མཐོ་ཁྲིམས་འདུན་གྱིས་ འཁྲུན་ཆོད་གནང་ནིའི་དོན་ལུ་ ཉེས་འཛུགས་ཅན་གྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་བྱིན་ཡོད་མི་ ངག་བརྗོད་ཚུ་ག་ར་ ལག་ལེན་འཐབ་པ་ཅིན་ འཁྲུན་ཆོད་དེ་ དྲང་བདེན་ཨིན་པའི་རེ་བ་ བསྐྱེད་ཚུགས་ནི་མས་ཟེར་བཤད་ཅི།
ལྷན་འཛིན་གྱིས་ བཤད་མིའི་ནང་ འཁྲུན་ཆོད་དེ་ནང་ ཚོང་པ་ལ་ལོ་གིས་ སྔོན་བྱིན་མ་དངུལ་བྱིན་པའི་སྐོར་ལས་ བཀོད་ཡོད་མི་ཚུ་ ཚུལ་ལྡན་སྦེ་ འཁྲུན་ཆོད་ནང་ མ་བཀོད་མི་ལུ་བལྟཝ་ད་ དོན་ཆེད་སྦེ་ར་ འཁྲུན་ཆོད་དེ་གིས་ ལིང་དཔོན་སྲིད་རྒྱལ་ཚེ་དབང་ལུ་ ཁེ་ཕན་འབྱུང་བཅུག་ནི་སྦེ་ བཟོ་ཡོདཔ་བཟུམ་ ལྷན་ཚོགས་ལུ་ ཚོར་སྣང་བྱུང་ཡི་ཟེར་བཤད་ཅི།
ཆེ་མཐོ་ཁྲིམས་འདུན་གྱིས་ ལིང་དཔོན་སྲིད་རྒྱལ་ཚེ་དབང་ལུ་ ཁེ་ཕན་བྱུང་མི་ངག་བརྗོད་ཚུ་རྐྱངམ་གཅིག་ ལག་ལེན་འཐབ་ནུག་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་ཡོདཔ་མ་ཚད་ ལྷན་ཚོགས་ལུ་ ངག་བརྗོད་བྱིན་པའི་སྐབས་ གལ་ཆེ་བའི་ཚིག་ཚུ་ བཙུགས་ཡོད་མི་ལས་ འཁྲུན་ཆོད་ནང་ ཚིག་ལ་ལོ་རྐྱངམ་གཅིག་ ལག་ལེན་འཐབ་མི་དེ་གིས་ཡང་ གོ་བ་ཕྱི་འགྱུར་བྱིན་ནི་དེ་གིས་ ཉེས་ཅན་ཚུ་ལུ་ ཉེས་པ་མེདཔ་སྦེ་ མཐོང་ནུག་ཟེར་བཀོད་ནུག།
དམག་སྡེའི་ཁྲིམས་རྩོདཔ་ཚུ་གིས་ གྲོགས་རམ་དགོཔ་སྦེ་ སླབ་པའི་ཤུལ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་འབད་མི་ཚུ་གིས་ ཁྲིམས་ཁྲི་དང་པ་དང་གཉིས་པའི་ནང་ ཉེས་འཛུགས་ཅན་ཚུ་ལུ་ གདོང་བཤེར་འབད་བའི་སྐབས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཁྲིམས་རྩོདཔ་ཚུ་གིས་ ལིང་དཔོན་སྲིད་རྒྱལ་ཚེ་དབང་དང་ བསྟན་སྲུང་དམག་སྡེའི་བར་ན་ རྩོད་བཤེར་འབད་བའི་སྐབས་ ཁྲིམས་ཁྲི་གསུམ་པ་གིས་ གྲལ་གཏོགས་འབད་མ་བཅུག་ཟེར་ བཀོད་ནུག།
གདོང་བཤེར་འབད་ནི་དེ་ ཁྲིམས་མཐུན་ཐོག་ལས་ ངེས་པར་དུ་ འབད་མ་དགོཔ་འོང་སྲིད་རུང་ རྩོད་བཤེར་པ་དང་ ཞིབ་དཔྱད་འབད་མི་ཚུ་གིས་ ཁྲིམས་འདུན་ལུ་ ཚུལ་ལྡན་སྦེ་ དོན་བཤད་དང་ཁ་གསལ་ཚུ་ འབད་ནིའི་གོ་སྐབས་འདུག་ཟེར་བཀོད་ནུག།
ལྷན་ཚོགས་ཀྱིས་ རྗེས་དཔྱད་འབད་མི་ གནད་དོན་ཚུ་ལུ་བལྟ་སྟེ་ རྩོད་བཤེར་དེ་ མཐོ་གཏུགས་འབད་ནིའི་ འོས་འབབ་སྦོམ་འདུག་ཟེར་ ལྷན་ཚོགས་ཀྱིས་ བཀོད་ཡོད་པའི་ཁར་ དམག་སྡེའི་རྩོད་བཤེར་པ་ཚུ་གིས་ ཆེ་མཐོ་ཁྲིམས་འདུན་གྱི་ གྲངས་མང་ཁྲིམས་ཁྲི་ལུ་ མཐོ་གཏུགས་འབད་ནིའི་དོན་ལས་ སྤྱི་ཟླ་༨ པའི་ཚེས་༡༦ ཚུན་ ཞག་དུས་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *