ཉེས་བྱ་ཕོག་མི་༢ ཀྱིས་ ཆེ་མཐོ་ཁྲིམས་འདུན་ལུ་ བཙག་འཐུའི་བཤེར་ཡིག་བཙུགས་ནི།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ལས་སྡེ་ལྟེ་བའི་ གྲོས་ཆོད་ལུ་ གཞི་འཛིན་ཐོག་ སྤ་རོ་རྫོང་ཁག་ ནགས་རྒྱ་རྒེད་འོག་ལས་ རྩོད་རྩ་༢ ལུ་ ཉེན་བརྡ་དང་ རྒྱལ་ཡོངས་ལས་མིའི་ གླ་ཆའི་ཚད་གཞི་ཉུང་ཤོས་ཐོག་ ཉིན་གྲངས་༣༠ གི་ ཉེས་ཆད་བཀལ་ནུག།

དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༦ ལུ་བཏོན་མི་ གྲོས་ཆོད་དང་འཁྲིལཝ་ད་ མི་ངོམ་རྩ་རྒས་དང་ དཀར་མདོག་གིས་ རྡོ་དཀར་-ཤར་པ་འདེམས་ཁོངས་ཀྱི་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ རྣམ་རྒྱལ་ཚེ་རིང་དང་ གླ་འཁོར་དེད་གཡོགཔ་ འཕྲིན་ལས་དབང་འདུས་༢ ལུ་ བཙག་འཐུའི་སྐབས་ མི་སེར་ཚུ་གི་ སེམས་ལྷུ་ཐབས་ལུ་ ངན་ལྷད་དང་འབྲེལ་བའི་ བྱ་ངན་འབད་ཡོད་པའི་སྐོར་ གནད་དོན་ཁག་༥ བཀོད་དེ་ ཉོགས་བཤད་ཡི་གུ་ བཙུགས་མི་ལུ་ ཁུངས་གསལ་གྱི་ སྒྲུབ་བྱེད་མེད་པའི་ མངོན་གསལ་བྱུང་ཡི་ཟེར་ཨིན་པས།

རྩ་རྒས་དང་ དཀར་མདོག་དེ་ སྤྱི་ཟླ་༩ པའི་ཚེས་༢༩ ལུ་བཏོན་མི་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ལས་སྡེ་ལྟེ་བའི་ གྲོས་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ སྤྱི་ཟླ་༡༠ པའི་ཚེས་༡ ལུ་ བཙག་འཐུ་ལྷན་ཚོགས་ལུ་ མཐོ་གཏུགས་ཞུ་ཡོདཔ་ཨིན་པས།

རྩོད་རྩ་རྩ་རྒས་ཀྱིས་འབད་བ་ཅིན་ བཙག་འཐུའི་སྐུལ་བསྒྲགས་མ་རནམ་ཅིག་ཁར་ འབྲུག་མཉམ་རུབ་ཚོགས་པའི་ འགོ་འདྲེན་པ་ཅིག་ཨིན་མི་ འཕྲིན་ལས་དབང་འདུས་ཀྱིས་ ཝ་ན་ཁའི་མི་སེར་ཚུ་གི་ ལོ་བསྟར་གསོལ་མཆོག་ཕུལ་སའི་གནས་ཁང་གསརཔ་རྐྱབ་ཡོད་མི་དེ་ནང་ དངུལ་ཀྲམ་འབུམ་༢ གྱི་ མཆོད་ཆས་དང་ སྐུ་རྟེན་ཚུ་ ཞལ་འདེབས་ཕུལ་ཡོདཔ་ཨིན་རུང་ ཤུལ་ལས་ སྤྱི་ཚོགས་ཀྱི་ བཙག་འཐུའི་ཁས་བླངས་གསལ་བསྒྲགས་སྐབས་ ཞལ་འདེབས་ཕུལ་མི་དེ་ འདེམས་ངོ་རྣམ་རྒྱལ་ཚེ་རིང་ཨིནམ་སྦེ་ སླབ་ནུག་ཟེར་ཨིན་པས།

ཁོང་གིས་ཕུལ་མི་ མཐོ་གཏུགས་ཡི་གུ་ནང་ འཕྲིན་ལས་དབང་འདུས་ཀྱིས་ སྒུལ་བསྒྲགས་སྐབས་ ཚོགས་རྒྱན་གྱི་ གྲོགས་རམ་ཡང་ འདེམས་ངོ་རྣམ་རྒྱལ་ཚེ་རིང་ལུ་ འབད་དགོ་པས་ཟེར་ སླབ་མི་ལུ་བལྟ་བ་ཅིན་ གནས་ཁང་ལུ་ ཞལ་འདེབས་ཕུལ་མི་ ཅ་ཆས་ཚུ་ འཕྲིན་ལས་དབང་འདུས་མེན་པར་ རྣམ་རྒྱལ་ཚེ་རིང་གིས་ ཞལ་འདེབས་ཕུལ་ཡོད་པའི་ གསལ་སྟོན་བྱུང་ཡོདཔ་ལས་ བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ དེ་བཟུམ་གྱི་ བྱ་ངན་འཐབ་མི་ཚུ་ མི་སེར་གྱི་ སེམས་ལྷུ་སྟེ་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་འཚོལ་ཡོད་པའི་ ཚོར་སྣང་བྱུང་ཡི་ཟེར་བཀོད་ནུག།

རྩ་རྒས་ཀྱིས་འབད་བ་ཅིན་ ཁོང་༢ དུས་རྒྱུན་དུ་ གཡུས་ཁར་སྡོད་མི་མེན་རུང་ གཡུས་ཁའི་ལཱ་ཁག་ཆེ་ཏོག་ཏོ་ཐོནམ་ད་ མི་སེར་དམངས་ཀྱི་ ངོ་ཚབ་སྦེ་ གྲལ་གཏོགས་འབད་མི་ཅིག་འབདཝ་ལས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ གཡུས་ཁར་ཚོགས་རྒྱན་བཙུགས་པར་འགྱོཝ་ད་ དཔང་པོ་༩ བཏོན་ཡོད་མི་ལས་ དབང་འདུས་རྒྱལ་མཚན་དང་ པ་སངས་ཟེར་མི་༢ ཀྱིས་ འདི་བཟུམ་བྱ་ངན་འཐབ་མིའི་སྐོར་ འབྲེལ་ཡོད་དབང་འཛིན་ལུ་ སྙན་ཞུ་འབད་དགོཔ་སྦེ་ ཡང་བསྐྱར་སླབ་མི་ལུ་བརྟེན་ ཉོགས་བཤད་བཙུགས་ཅི་ཟེར་ཨིན་པས།

དེ་འབདཝ་ད་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ལས་སྡེ་ལྟེ་བ་དང་ བཙག་འཐུ་ལྷན་ཚོགས་༢ ཀྱིས་ སྙན་ཞུ་འབད་དགོཔ་སྦེ་རྒྱུད་བསྐུལ་འབད་མི་ དཔང་པོ་གཉིས་ལུ་ ཉེན་བརྡ་རྐྱངམ་གཅིག་བྱིན་ཏེ་ ཁོང་༢ ལུ་ ཉེན་བརྡ་དང་ ཉེས་ཆད་བཀལ་མི་ལུ་ ཁེ་རྒུད་མ་བཏུབ་ཟེར་ཨིན་པས།

ལྷན་ཚོགས་ཀྱིས་ དབྱེ་ཞིབ་མཛད་པའི་སྐབས་ རྩོད་རྩ་༢ ཀྱིས་ དཔང་པོ་སྦེ་ མི་ངོ་༩ ཕུལ་ཡོད་མི་ག་ར་ འདྲི་དཔྱད་འབད་དེ་ ངག་བརྗོད་ལེན་ཡོདཔ་མ་ཚད་ རྩ་ཕན་ཆ་མཉམ་ འབོ་བཀུག་འབད་དེ་ བདེན་ཁུངས་བསྐྱལ་ནི་གི་ གོ་སྐབས་གནང་ཡོད་རུང་ ཉོགས་བཤད་ཀྱི་ གནད་དོན་ཚུ་ལུ་ ཁུངས་གསལ་གྱི་ སྒྲུབ་བྱེད་མེདཔ་ལས་ རྩོད་རྙོགས་དེ་ལས་བརྟེན་ བཙག་འཐུའི་དུས་ཡུན་སྐབས་ མི་སྡེ་ནང་ བར་དཀྲོགས་དང་ དབྱེ་ཞིབ་འབདཝ་ད་ བྱ་སྟབས་མ་བདེཝ་དང་ བརྡབ་གསིག་བྱུང་ཡོད་པའི་ བདེན་ཁུངས་བྱུང་ཡི་ཟེར་ཨིན་པས།

དེ་འབདཝ་ལས་ རྩོད་རྩ་༢ ལུ་ ཉེས་ཆད་བཀལ་ཏེ་ ཉེན་བརྡ་བྱིན་ཡོདཔ་མ་ཚད་ དཔང་པོ་དབང་འདུས་རྒྱལ་མཚན་དང་ པ་སངས་༢ རྩོད་རྙོགས་དེ་ལུ་བརྟེན་ མི་སྡེ་ཆུང་ཀུ་ནང་ བར་དཀྲོགས་དང་ བརྡབ་གསིག་ དེ་ལས་ བྱ་སྟབས་མ་བདེཝ་བཟོ་མི་ནང་འབྲེལ་གཏོགས་ཡོདཔ་ལས་ ཉེན་བརྡ་བྱིན་ཡོདཔ་སྦེ་ ལྷན་ཚོགས་ཀྱི་ གྲོས་ཆོད་ནང་ བཀོད་ནུག།

རྩ་རྒས་ཀྱིས་ སླབ་མིའི་ནང་ ལྷན་ཚོགས་ཀྱིས་ ཁོང་གི་གསལ་ཞུ་ཚུ་ལུ་ དབྱེ་ཞིབ་འབད་མ་བཏུབ་པའི་ཁར་ ཁོང་ལུ་ ཉེས་ཆད་ཕོག་དགོཔ་མེདཔ་ལས་ བཙག་འཐུ་མཇུག་བསྡུ་བའི་ཤུལ་ལས་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་བཅའ་ཡིག་དང་སྒྲིག་གཞི་༢༠༡༨ ཅན་མ་དང་ བཅའ་འཐུའི་བཅའ་ཁྲིམས་དང་འཁྲིལ་ ཆེ་མཐོ་ཁྲིམས་འདུན་ལུ་ བཤེར་ཡིག་བཙུགས་ནི་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *