༉ སྤྱི་ཟླ་༨ པའི་ཚེས་༣༡ ལུ་ བཀྲིས་གཡང་རྩེའི་ མི་ཚུ་དང་གཅིག་ཁར་ཕྱད་པའི་སྐབས་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་ཀུན་མཉམ་ཚོགས་པའི་ གཙོ་འཛིན་༢ ཀྱིས་ ཉེར་སྤྱོད་རིང་ལུགས་མེན་པར་ ཚོགས་པ་ཚུ་གི་ དམིགས་གཏད་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དེ་ འོང་དགོཔ་ཨིན་ཟེར་བཤད་ཅི།
འབྲུག་མཉམ་རུབ་ཚོགས་པ།
འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ བློ་གྲོས་ཚེ་རིང་གིས་ སླབ་མིའི་ནང་ ཚོགས་པ་ཚུ་གིས་ རྒེད་འོག་ག་རའི་ནང་ ས་རྐོ་འཕྲུལ་ཆས་ ཨེགསི་ཀེ་བེ་ཊར་དང་ གནམ་གྲུ་ཚུ་གི་ ཁས་བླངས་འབད་མི་དེ་ ལེགས་ཤོམ་མེནམ་བཞིན་དུ་ འདས་པའི་ལོ་ཚུ་ནང་ གསོ་བ་དང་ཤེས་རིག་ དེ་ལས་ སོ་ནམ་ལ་སོགས་པ་ཚུ་ནང་ མ་རྩ་གཞི་བཙུགས་འབད་མི་དེ་ མར་བབས་སོང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གྲུབ་འབྲས་ཐོན་ཡོད་མི་ཚུ་གི་ འཇལ་ཚད་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལུ་མེན་པར་ ནང་འཁོད་ཐོན་སྐྱེད་ལུ་ གཙོ་བོར་བཏོནམ་མས་ཟེར་ཨིནམ་ད་ འབྲུག་མཉམ་རུབ་ཚོགས་པ་གིས་ མི་སེར་ལུ་ ཕན་མི་དང་ འགྲུབ་ཚུགས་པའི་ འཆར་གཞི་ཚུ་ ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོགས་པའི་གཙོ་རིམ་ངོ་མ་ར་ གཞི་རྟེན་མཁོ་ཆས་ཚུ་མེན་པར་ གསོ་བའི་ཞབས་ཏོག་ ཡར་དྲག་གཏང་ནི་དང་ ཤེས་རིག་བསྒྱུར་བཅོས་ ལཱ་གཡོག་བཟོ་ནི་ དེ་ལས་ ལྟ་བཤལ་གོང་འཕེལ་གཏང་ནི་ཚུ་ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༡༣ ལུ་ སློབ་གྲྭ་ལྟེ་བ་ ལོག་གཞི་བཙུགས་འབད་ནི་དང་ གྲོང་གསེབ་ཀྱི་ ས་ཁོངས་ཚུ་ནང་ གློག་མེ་ཡུ་ནིཊ་༡༠༠ ཚུན་ རིན་མེད་སྟོང་པར་སྦེ་བྱིན་ནིའི་ ཁས་བླངས་འབད་མི་དེ་ འབྲུག་མཉམ་རུབ་ཚོགས་པ་ འགོ་དང་པ་ཨིན་ཟེར་ གཙོ་འཛིན་གྱིས་ ཁམས་དྭངས་རྒེད་འོག་ནང་འཛོམས་མི་ མི་ཚུ་ལུ་བཤད་ཅི།
གཙོ་འཛིན་གྱིས་ སླབ་མིའི་ནང་ སློབ་རིམ་༡༠ པ་ལས་༡༡ པའི་ནང་ དཔེ་ཆ་བལྟ་ནིའི་དོན་ལུ་ མཐར་མ་འཁྱོལ་བར་ ཁྱིམ་ནང་སྡོད་མི་ཚུ་གིས་ འཕྲོ་མཐུད་བལྟ་ཚུགས་ཐབས་ལུ་ སློབ་རིམ་༡༠ པའི་ སྐུགས་ཚད་མེདཔ་བཟོ་ནི་དེ་ རྩ་ཁྲིམས་ཆེན་མོ་དང་ འགལ་བ་མི་འགྱོ་ཟེར་ཨིན་པས།
ང་བཅས་ཀྱིས་ གསོ་བའི་སྲིད་བྱུས་བསྒྱུར་བཅོས་འབད་ནི་དང་ རྫོང་ཁག་སྨན་ཁང་ཚུ་ནང་ གསོ་བའི་མཁས་མཆོག་༤ ཡོདཔ་སྦེ་ ངེས་བརྟན་བཟོ་ནི་ཨིནམ་བཞིན་དུ་ སློབ་གྲྭ་ལྟེ་བ་ཚུ་ གྲོང་གསེབ་ཚུ་ནང་ གཞི་བཙུགས་འབད་དེ་ ཚོགས་པ་གིས་ ཕམ་ཉམ་ཆུང་གི་ ཨ་ལོ་ཚུ་ལུ་ གཙོ་རིམ་བཟུང་ནི་ཟེར་ བློ་གྲོས་ཚེ་རིང་གིས་ བཤདཔ་ཨིན་པས།
བློ་གྲོས་ཚེ་རིང་གིས་ སླབ་མིའི་ནང་ གཞུང་མིན་ལས་ཚོགས་དང་ ཞི་བའི་མི་སྡེ་ལས་ཚོགས་ཚུ་ལུ་ འབྲེལ་བ་ཡོད་པའི་ལས་རིམ་ཚུ་ ལག་ལེན་འཐབ་ནིའི་ནང་ འགན་ཁུར་སྦོམ་ བྱིན་ནི་ཟེར་ཨིནམ་ད་ གཞུང་རྐྱངམ་གཅིག་གིས་མེན་པར་ ཉེན་སྒྲོལ་མི་སྡེའི་ལཱ་དང་ སྨན་ཁང་གི་ལཱ་ཚུ་ ཏཱ་ར་ཡ་ན་གིས་ཡང་ འབད་ཚུགས་ཟེར་ཨིན་པས།
ཚོགས་པ་གིས་ རིན་མེད་སྟོང་པའི་ ཡོངས་འབྲེལ་ཨིན་ཊར་ནེཌ་ རྒྱུན་ཆད་མེད་པར་ འཐུང་ཆུ་དང་ ཞིང་ཆུ་བཀྲམ་སྤེལ་འབད་ནི་ དེ་ལས་ འཁོར་ལམ་ཡར་དྲག་གཏང་ནི་ཚུ་ ཁས་བླངས་ཚུ་གི་གྲས་ལས་ དག་པ་ཅིག་ཨིན་པས།
འབྲུག་ཀུན་མཉམ་ཚོགས་པ།
གཙོ་འཛིན་༢ ཆ་ར་གིས་ ཧེ་མའི་གཞུང་གིས་ གོང་འཕེལ་གྱི་ལཱ་ འགོ་བཙུགས་ཡོད་མི་ཚུ་ འཕྲོ་མཐུད་དེ་ར་ འབད་དགོ་ཟེར་ཨིན་པས།
སྤྱི་ཚེས་༣༡ ལུ་ འབྲུག་ཀུན་མཉམ་ཚོགས་པའི་གཙོ་འཛིན་ གནས་བརྟན་བཟང་མོ་གིས་ སྟོད་ཚོ་རྒེད་འོག་གི་ མི་ཚུ་དང་ཕྱད་པའི་སྐབས་ སློབ་གྲྭ་ལྟེ་བ་ཚུ་ མཆོད་རྟེན་བཟུམ་ཅིག་ཨིནམ་ལས་ བཤིག་མི་གཏང་ཟེར་ཨིནམ་ད་ བྱམས་བརྩེ་ཅན་དང་ ངན་ལྷད་མེད་པའི་ གཞུང་ཅིག་མ་གཏོགས་ གཞན་ཚུ་བཟུམ་སྦེ་ ཁས་བླངས་ལེ་ཤ་འབད་ནི་མེད་ཟེར་ཨིན་པས།
རྒྱལ་སྤྱི་ནང་ སྲིད་དོན་དེ་ ཁམས་ལོག་སི་སི་ཅིག་ ཨིན་མས་ཟེར་བའི་ ཚོར་སྣང་ཡོད་མི་དེ་ ལེགས་ཤོམ་དང་ དཔེ་སྟོན་ཅིག་སྦེ་བཟོ་ནིའི་ གོ་སྐབས་དེ་ འབྲུག་ལུ་ཡོད་ཟེར་ཨིནམ་ད་ ང་གི་ཆ་རོགས་ཚུ་ ཧེ་མ་ སྲིད་དོན་ཡོད་མི་ཚུ་གིས་ ཏི་རུ་མེད་པ་ཅིན་ བཅའ་མར་གཏོགས་མི་ཚུགས་ནི་སྦེ་ སླབ་ཨིན་རུང་ ང་གིས་ དེ་བཟུམ་སྦེ་ མི་མཐོངམ་མས་ཟེར་ གནས་བརྟན་བཟང་མོ་གིས་ བཤདཔ་ཨིན་པས།
གནས་བརྟན་བཟང་མོ་གིས་ སླབ་མིའི་ནང་ ཚོགས་པ་ཚུ་ ཕྱོགས་བཟུང་འབད་མི་ལུ་བརྟེན་ གཉེན་ཡ་བྲལ་འགྱོ་བའི་གནད་དོན་ཚུ་ ཐོན་ཡོདཔ་ད་ བཀྲིས་སྒང་ཨུ་མཛོ་རོང་ལུ་འབད་བ་ཅིན་ སྲིད་དོན་དེ་ བཟའ་ཚང་སོ་སོར་འགྱོ་བའི་ གཞི་ངོ་མ་ཅིག་ལུ་ གྱུར་ཡོདཔ་ལས་ རྒྱལ་ཁབ་བགོ་བཤའ་རྐྱབ་མི་ཆོག་ཟེར་ ཨིན་པས།
མོ་གིས་ སླབ་མིའི་ནང་ ཁྱེད་རའི་ཨ་ལོ་ཚུ་གི་ མ་འོངས་པ་དེ་ མེདཔ་གཏང་ནི་མི་འོང་ ལེགས་ཤོམ་མེན་ཟེར་ཨིནམ་བཞིན་དུ་ ཡུན་བརྟན་དང་གཅིག་ཁར་ དཔལ་འབྱོར་རང་མགོ་རང་འདྲོངས་བཟོ་ནི་དེ་ ཚོགས་པའི་དམིགས་གཏད་ཨིནམ་ད་ ལཱ་གཡོག་གི་དོན་ལུ་ ན་གཞོན་ཚུ་ ཐིམ་ཕུག་ལུ་ འགྱོ་མ་དགོ་པར་ གཡོག་གི་གོ་སྐབས་ཚུ་ གྲོང་གསེབ་ནང་ར་ བཟོ་ནི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ བཀྲིས་གཡང་རྩེ་ལུ་ བྱིན་རླབས་ཅན་གྱི་ གནས་ལེ་ཤ་ཡོདཔ་ལས་ ལྟ་བཤལ་ལུ་བརྟེན་ ལཱ་གཡོག་གི་ གོ་སྐབས་ལེ་ཤ་བཟོ་ཚུགས་ཟེར་ ཨིནམ་མ་ཚད་ བསམ་གྲུབ་ལྗོངས་མཁར་བཟུམ་སྦེ་ བཀྲིས་གཡང་རྩེ་ལུ་ཡང་ སོ་ནམ་གྱི་ལས་སྣ་ ལེ་ཤ་འབད་ཚུགས་པའི་ འོས་འབབ་འདུག་ཟེར་ ཨིན་པའི་གནས་ཚུལ།
བཀྲིས་གཡང་རྩེ་ལས་ སྐལ་བཟང་དབང་ཕྱུག།