ཐིམ་ཕུག་རྫོང་ཁག་ཚོགས་འདུ་ འཚོགས་པའི་བསྒང་།

ཉེན་སྲུང་ལྡན་པའི་ གློག་ཐག་བཙུགས་དགོཔ་གལ་ཅན།

༉ ལྕང་རྒེད་འོག་གི་ སྤྱི་འོག་ཆ་མཉམ་ནང་ ཉམས་ཆག་ཤོར་མི་ གློག་ཐག་ཚུ་ སོ་ནམ་ཞིང་དང་ གཡུས་ལམ་ཚུ་བདའ་སྟེ་ ཉེན་ཁ་ཅན་སྦེ་ མཐོང་དོ་ཡོདཔ་ལས་ སོ་ནམ་གྱི་ལཱ་འབད་བའི་སྐབས་ལུ་དང་ སྒོ་ནོར་སེམས་ཅན་ཚུ་ ཕར་ཚུར་རྒྱུན་འགྲུལ་འཐབ་ད་ མི་དང་སེམས་ཅན་ཚུ་ལུ་ ཉེན་ཁ་འདུག་ཟེར་ཨིན་པས།

དེ་ཡང་ ལྕང་རྒེད་འོག་གི་དམངས་མི་ འཇམ་དབྱངས་ལྷ་མོ་གིས་ ཞུ་མིའི་ནང་ སྤྱི་འོག་༥ འི་གྲས་ལས་ ཧོང་མཚོ་དང་ ཝང་ཆུ་ལྟག་པ་ དེ་ལས་ ར་མ་སྤྱི་འོག་༣ ནང་ གློག་ཐག་གི་ཉེན་ཁ་ཆེ་ནི་དེ་གིས་ མགྱོགས་སུ་ཅིག་སྦེ་ ཉམས་བཅོས་དང་ ཡང་ཅིན་ གསར་བཙུགས་འབད་དགོཔ་འདུག་ཟེར་ཨིན་པས།

མོ་གིས་ ཞུ་མིའི་ནང་ སྤྱི་འོག་ཚུ་ཡང་ ཡར་རྒྱས་འགྱོ་བའི་བསྒང་ཡོདཔ་བཞིན་དུ་ འཆར་གཞི་ལས་སྣ་ཚུ་ མང་སུ་སྦེ་ འགོ་འདྲེན་འཐབ་དགོཔ་འཐོན་པའི་སྐབས་ གློག་རྒྱུན་ཚད་སྤེལ་ ཊཱནསི་ཕོར་མར་གོ་རིམ་༡ པའི་ སིང་གཱལ་ཕེསི་གློག་ཤུགས་ཀྱིས་ ཞབས་ཏོག་སྤྱོད་མ་ཚུགས་ནི་དེ་གིས་ ཡང་སེང་འབད་དེ་ ཤུགས་ཚད་ཆེ་བའི་ གློག་རྒྱུན་ཚད་སྤེལ་གོ་རིམ་༣ པ་༣ འབད་མི་ཚུ་ བཙུགས་གནང་དགོཔ་སྦེ་ ཞུ་ཡི།

འབྲུག་གློག་མེ་ལས་འཛིན་གྱི་ ངོ་ཚབ་ཀྱིས་ ཞུ་མིའི་ནང་ འདས་པའི་ཚོགས་ཐེངས་ནང་ དགེ་བསྙེན་རྒེད་འོག་ནང་ གློག་མེའི་ཞབས་ཏོག་ཚུ་ ཉམས་བཅོས་འབད་དགོཔ་སྦེ་ གྲོས་ཆོད་བྱུང་མི་ལྟར་དུ་ ལས་འཛིན་གྱིས་ ཉམས་བཅོས་ཀྱི་ལཱ་ འབད་ནིའི་དོན་ལུ་ ཤུགས་ཚད་ཅན་གྱི་ གློག་ཐག་ཚུ་ མཁོ་སྒྲུབ་འབད་དེ་ཡོདཔ་ལས་ ལཱ་འབད་དོ་ཟེར་ཨིན་པས།

ལྕང་རྒེད་འོག་གི་ སྤྱི་འོག་ཚུ་ནང་ གློག་མེའི་ཞབས་ཏོག་ ཉེན་སྲུང་དང་ལྡནམ་སྦེ་མེད་པའི་སྐོར་ལས་ ཤེས་རྟོགས་བྱུང་ཡོད་རུང་ ལས་འཛིན་ནང་ མི་སྟོབས་ཀྱི་དཀའ་ངལ་ལུ་བརྟེན་ དེ་འཕྲོ་ལས་ ངོས་ལེན་འབད་མ་ཚུགས་ཟེར་ཨིན་པས།

མི་སྡེ་ལུ་ སྟབས་མ་བདེཝ་དང་ མིའི་ཚེ་སྲོག་ལུ་ ཉེན་ཁ་ཆེ་དྲགས་ དེ་ལས་ སེམས་ཅན་ཚུ་ལུ་ གནོད་ཉེན་ཡོད་པ་ཅིན་ དེ་འཕྲོ་ལས་ ཐབས་ལམ་ཚུ་བཏོན་ནི་ཨིན་རུང་ ཡུན་བརྟན་གནས་ཐབས་ལུ་ ཞིབ་དཔྱད་འབད་ཞིནམ་ལས་ འབྲུག་གློག་མེ་ལས་འཛིན་གྱི་ འཆར་གཞི་ལས་སྣ་བཙུགས་ཏེ་ ཞབས་ཏོག་བྱིན་ཚུགས་ཟེར་ ངོ་ཚབ་ཀྱིས་ ཞུ་ཡི།

ཁོ་གིས་ ཞུ་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ཀྱི་གྱུར་བ་དང་ དཔལ་འབྱོར་གོང་འཕེལ་ལུ་བརྟེན་ ཧེ་མར་ གློག་མེ་སིང་གཱལ་ཕེསི་ བཙུགས་མི་ཚུ་བསྡུ་སྟེ་ ཤུགས་ཚད་ཆེ་བའི་ གློག་ཐག་ཚུ་བཙུགས་ཏེ་ མི་མང་ལུ་ ཞབས་ཏོག་སྤྲོད་དོ་ཡོདཔ་ལས་ རྒེད་འོག་གིས་ཞུ་མི་ལུ་ ངོས་ལེན་འབད་འོང་ཟེར་ཨིན་པས།

ད་ལྟོ་ སིང་གཱལ་ཕེསི་གཞི་བཙུགས་འབད་མིའི་ནང་ ས་གོ་ཡང་ རྒྱ་ཆུང་ཀུ་ དེ་ལས་ དེ་གིས་སྒྲིང་ཁྱིམ་༡ ལུ་ ཕན་ཐོགས་འབྱུང་རུང་ གློག་ཐག་བརྒྱུད་དེ་ གཞན་ཁ་ལུ་ བཀྲམ་སྤེལ་འབད་མ་བཏུབ་ལས་ ད་ལས་ཕར་ ཤུགས་ཚད་ཆེ་བའི་གློག་ཐག་བཙུགས་དགོ་པ་ཅིན་ དགོས་མཁོ་དང་བསྟུན་ གློག་ཐག་སྤྲིངས་ནིའི་དོན་ལུ་ ཀཝ་ལྷོང་ནིའི་ས་གོ་ སྦོམ་དགོཔ་ཨིན་པས།

ཧོང་མཚོ་ལུ་ གློག་རྒྱུན་ཚད་སྤེལ་ ཊཱནསི་ཕོར་མར་ སྤོ་སོར་འབད་ནིའི་དོན་ལུ་ རྒེད་འོག་བརྒྱུད་དེ་ རྫོང་ཁག་ནང་ སྙན་ཞུ་འབད་ཡོདཔ་བཞིན་དུ་ རྫོང་ཁག་གིས་ ས་འཇལ་ལྷན་ཚོགས་ལུ་ ཞུ་བ་ཕུལ་བའི་ལན་ལུ་བསྒུག་སྟེ་ ལོ་༣ ལང་སོ་རུང་ ད་ལྟོའི་བར་ན་ གནང་བ་མ་ཐོབ་པའི་དཀའ་ངལ་ཡོདཔ་ལས་ འགོ་དཔོན་གྱིས་ ཞུ་མིའི་ནང་ རྒེད་འོག་དང་ རྫོང་ཁག་ དེ་ལས་ འབྲེལ་བ་ཡོད་པའི་ལས་སྡེ་ཚུ་གིས་འབད་རུང་ དེ་འཕྲོ་ལས་ གནང་བ་ཚུ་ བྱིན་དགོཔ་འདུག་ཟེར་ཞུ་ཡི།

དེ་མིན་པ་ཅིན་ མི་སེར་གྱི་དགོས་མཁོ་དང་ རེ་འདོད་འགྲུབ་ནི་ལུ་ དུས་ཡུན་ལེ་ཤ་འགོརཝ་ད་ བདག་གཞན་༢ ཆ་རང་ལུ་ གནོད་སྐྱོན་འབྱུང་ནི་འདུག་ཟེར་ཞུ་ཡི།

སྒེར་སྡེ་ནང་ གློག་རྒྱུན་ཚད་སྤེལ་བཙུགས་ནི་འབད་བ་ཅིན་ རང་སོའི་ས་ཆ་ནང་ གཞི་བཙུགས་འབད་ཐག་ཆོགཔ་ཨིན་རུང་ མི་མང་གི་མཐའ་དོན་ལུ་ཨིན་པ་ཅིན་ གཞུང་ས་སྤྱོད་ཆོག་ནི་དེ་གིས་ གཞུང་གིས་ ས་ཆ་སླར་སྤྱོད་བདག་དབང་གནང་པ་ཅིན་ དེ་འཕྲོ་ལས་ ལཱ་འབད་ནི་ལུ་ བྱ་སྟབས་བདེ་ནི་མས་ཟེར་ ཁོ་གིས་ཞུ་ཡི།

གླིང་བཞི་རྒཔོ་དབང་འདུས་ཀྱིས་ ཞུ་མིའི་ནང་ གློག་ཐག་ཚུ་ དཔྱངས་བཞག་མི་ལུ་བརྟེན་ གཡག་༡ ལུ་ ཤི་རྐྱེན་དང་ གཞན་དག་པ་ཅིག་ ནདཔ་བཏོན་ནི་དེ་གིས་ ཇོ་བདག་ཚུ་གིས་ རྒུད་འཐུས་དགོཔ་སྦེ་ ཡོད་ཟེར་ཨིན་པས།

འབྲུག་གློག་མེ་ལས་འཛིན་གྱི་ ངོ་ཚབ་ཀྱིས་ ཞུ་མིའི་ནང་ གློག་ཐག་བུད་དེ་ གཡག་ལུ་ ཤི་རྐྱེན་བྱུང་མི་རྐྱངམ་གཅིག་མེན་པར་ རྫོང་ཁག་ག་རའི་ནང་ གློག་ཐག་སྤྲིངས་མི་དེ་ དཔྱངས་མི་དང་ ཆརཔ་ དེ་ལས་ ས་རུད་དང་ཆུ་རུད་ཀྱིས་ ཐགཔ་ཆད་དེ་ ཧ་ལམ་ ལས་བྱེདཔ་དང་ མི་༡༡༢ ལུ་ ཤི་རྐྱེན་བྱུང་བའི་ཁར་ སྒོ་ནོར་སེམས་ཅན་ཚུ་ ཤི་རྐྱེན་བྱུང་སྟེ་ཟེར་ ཞུ་ཡི།

གནོད་སྐྱོན་སྦོམ་སྦེ་ར་ རྐྱབ་ཡོད་པ་ཅིན་ ལས་འཛིན་ལུ་ ཕུལ་དགོཔ་ད་ ཐོབ་མ་ཐོབ་ཀྱི་སྐོར་ལས་ ཞིབ་དཔྱད་འབད་ཞིནམ་ལས་རྐྱངམ་གཅིག་ ཤེས་ཚུགས་ནི་ཨིན་རུང་ ཚེ་སྲོག་དང་ ཤི་རྐྱེན་བྱུང་མི་ཨིན་པ་ཅིན་ ལམ་ལུགས་དང་འཁྲིལ་ འཐོབ་ནི་འོང་ཟེར་ཞུ་ཡི།

རྫོང་ཁག་ཁྲི་འཛིན་ དགའ་མདོག་གིས་ ཞུ་མིའི་ནང་ འབྲུག་གློག་མེ་ལས་འཛིན་གྱིས་ གློག་ཐག་དང་ ཀཝ་ལྷོང་མི་ཚུ་ ཚུལ་དང་ལྡནམ་སྦེ་ ས་ཁར་མ་བརྡབས་མི་དང་ གློག་ཐག་མ་སྤྲིངས་མི་ལུ་བརྟེན་ མིའི་ཚེ་སྲོག་དང་ སེམས་ཅན་ཤི་རྐྱེན་འབྱུང་པ་ཅིན་ རྒུད་འཐུས་སྤྲོད་དགོ་ནི་དང་ དེ་མིན་པ་ཅིན་ ཞིབ་དཔྱད་འབད་དགོཔ་ འོས་ལྡན་ཨིན་ཟེར་ཨིན་པས།

དེ་བཟུམ་སྦེ་ གློག་རྒྱུན་ཚད་སྤྲེལ་ཚུ་ མི་མང་གི་དོན་ལུ་ སྒེར་ས་ནང་ བཙུགས་མི་དེ་ སྤོ་བཤུད་འབད་དེ་ གཞུང་ས་སྟོངམ་ནང་ བཙུགས་ཆོག་པའི་སྐོར་ རྒེད་འོག་དང་ རང་བཞིན་མཐའ་འཁོར་གནས་སྟངས་ དེ་ལས་ རྫོང་ཁག་གིས་ འབྲུག་གློག་མེ་ལས་འཛིན་དང་ རྒྱབ་སྐྱོར་དང་ མཉམ་རུབ་ཀྱི་ལཱ་འབད་དགོཔ་ཨིན་ཟེར་ ཁྲི་འཛིན་གྱིས་ གྲོས་ཐག་བཅད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རྒྱུ་དངོས་གསལ་སྟོན་འབད་ནིའི་ དུས་ཚོད་ཕར་འགྱངས་འབད་དགོ་པའི་ཞུ་བ།

༉ རྒྱལ་ཁབ་ཀྱི་ཁྲིམས་དང་ ལམ་ལུགས་ཚུ་དང་འཁྲིལ་ ལོ་བསྟར་བཞིན་དུ་ རྒྱུ་ནོར་ལ་སོགས་པའི་རིགས་ ག་ཅི་ར་ ཉོ་སྒྲུབ་འབད་ཡོདཔ་ཨིན་ན་དང་ སྤྱི་གཡོགཔ་གི་ མིང་ཐོ་ཁར་ རྒྱུ་དངོས་འཆང་ཡོད་མི་ཚུ་ གསལ་སྟོན་འབད་དགོཔ་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ ང་བཅས་ག་ར་གིས་ མ་ཤེསཔ་མེད་ཟེར་ཞུ་ནི། སྤྱི་ཟླ་༦ …

Leave a Reply

Your email address will not be published. Required fields are marked *