༉ རྒྱལ་ཁབ་ནང་ ཧེ་མ་དང་ཕྱདཔ་ད་ ལོ་ན་མ་སྨིན་པའི་ ན་གཞོན་བུམོ་ཚུ་ལུ་ འདོད་སྤྱོད་གནོད་འཚེ་འབད་མི་ ཡར་སེང་སོང་མི་དེ་ལུ་ ང་བཅས་ར་འབྲུག་མི་ཚུ་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ཨིན་མས།
འཕྲལ་ཁམས་ཅིག་ཁར་ བུམོ་ཚུ་ལུ་ འདོད་སྤྱོད་གནོད་འཚེ་འབད་བའི་སྙན་ཞུ་ ལེ་ཤ་ལྷོད་མིའི་གྲས་ལས་ ཐིམ་ཕུག་སྦྱིས་མི་ནང་ལུ་ སློབ་དཔོན་ཅིག་གིས་ སློབ་ཕྲུག་བུམོ་༩ ལུ་ འདོད་སྤྱོད་གནོད་འཚེ་འབད་བའི་ གནད་དོན་དེ་ ཁྲིམས་དང་འཁྲིལ་ཏེ་ ཉེས་འཛུགས་འབད་ཡོད་རུང་ གནད་དོན་གཞན་མི་ཚུ་ ལ་ལོ་ཅིག་ ཕྱིར་འབུད་དང་ ཡང་ཅིན་ ཉེས་ཁྲིམས་ཚུ་ བསྒྱུར་བཅོས་འབད་བའི་ མངོན་གསལ་བྱུངམ་ཨིན་མས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འདས་པའི་ལོ་ཕྱེད་དང་༥ ནང་ ན་གཞོན་ཨ་ལོ་ཚུ་ལུ་ འདོད་སྤྱོད་གནོད་འཚེ་འབད་བའི་ གནད་དོན་༤༤ ཐོབ་ཡོདཔ་ད་ ཁྲིམས་བཤེར་འབད་མི་ གནད་དོན་༣༨ ལས་༢༣ ཉེས་འཛུགས་འབད་ནུག།
འཕྲལ་ཁམས་ཅིག་ཁར་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་གྱིས་ བུམོ་ཅུང་ཅིག་ལུ་ འདོད་སྤྱོད་གནོད་འཚེ་འབད་བའི་ ཁྲིམས་བཤེར་ཐོག་ འཁྲུན་ཆོད་བཏོན་མི་དང་འཁྲིལཝ་ད་ དབྱེ་རིམ་༤ པའི་ཉེས་ཆེན་ལས་ ཉེས་ཕྲ་ལུ་ ཉེས་ཁྲིམས་མར་ཕབ་རྐྱབ་མི་དེ་ལུ་ སྤྱིར་བཏང་མི་མང་གི་ཁ་ཐུག་ལས་ ཡིད་ཆེས་མེདཔ་བཟུམ་ཅིག་སྦེ་ ཚོརཝ་ཨིན་མས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གནད་དོན་༦ ཕྱིར་འབུད་བཏང་བའི་ཁར་ ཁྲིམས་འདུན་ཚུ་གིས་ གནད་དོན་༧ གྱི་ཉེས་ཁྲིམས་ཚུ་ བསྒྱུར་བཅོས་འབད་ནུག།
དེ་འབདཝ་ད་ གནད་དོན་༡༦ ལུ་ ཉེས་འཛུགས་འབད་མི་དེ་ ངལ་རངས་མ་འབྱུང་མི་དེ་ཡང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉམས་རྒྱུད་པའི་ ངག་བརྗོད་དང་ སྒྲུབ་བྱེད་བཀོད་མི་ལུ་ ངོས་ལེན་འབདཝ་མ་གཏོགས་ ངེས་པར་དུ་མཁོ་བའི་ བརྟག་དཔྱད་གྲུབ་འབྲས་དེ་ ཡངས་སུ་ཅིག་སྦེ་ བཞག་ནི་དེ་གིས་ཨིན་མས།
སྤྱི་ལོ་༢༠༡༦ ལུ་ ཨམ་སྲུ་དང་ཨ་ལོ་ དེ་ལས་ ན་གཞོན་ཚོགས་ཆུང་གིས་ སྤྱི་ཚོགས་ལུ་ སྙན་ཞུ་འབད་མིའི་ནང་ སྤྱི་ལོ་༢༠༡༢ ལས་༢༠༡༥ འི་བར་ན་ རྒྱལ་ཁབ་ནང་ དབང་བཙོང་ལུས་འབྲེལ་གྱི་ གནད་དོན་༡༤༩ ཐོན་མིའི་གྲས་ལས་༩༧ ལོ་ན་མ་སྨིན་པ་ཚུ་ཨིནམ་ད་ གྱངས་ཁ་དེ་ལུ་ལྟཝ་ད་ ཟླ་རིམ་བཞིན་དུ་ ཨ་ལོ་༢ ལུ་ དབང་བཙོང་ལུས་འབྲེལ་འབད་ནུག་ཟེར་ཨིན་མས།
འདས་པའི་ལོ་ནང་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ བརྟག་དཔྱད་ཁང་ནང་ འདོད་སྤྱོད་གནོད་འཚེ་ཀྱི་ གནད་དོན་༦༥ སྙན་ཞུ་འབད་མིའི་གྲས་ལས་༢༨ སྐྱེས་ལོ་༡༨ འོག་རྒྱུ་འབད་མི་ཚུ་ཨིན་མས།
གོང་གི་གནད་དོན་ཚུ་ལུ་ལྟཝ་ད་ འབྲུག་གིས་ ཨ་ལོ་སྲུང་སྐྱོབ་འབད་ནིའི་དོན་ལུ་ ཁྲིམས་ལེགས་ཤོམ་ཡོད་པ་གིས་ མི་བཏུབ་ནི་ཨིནམ་ད་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་༩ པའི་དོན་ཚན་༡༨ པའི་ནང་ ཨ་ལོ་ཚུ་ལུ་ ཉེ་རིང་ཕྱེ་ནི་དང་ བཀོལ་སྤྱོད་འབད་ནི་ཚུ་ལས་ ཉེན་སྐྱོབ་འབད་དགོཔ་སྦེ་ འཁོད་དེ་ཡོདཔ་ཨིན།
རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ནང་ སྔོན་འགོག་དང་ ཉེན་སྐྱོབ་ཀྱི་ལམ་ལུགས་དེ་ ནུས་ཤུགས་མེདཔ་ལས་ གདོང་ལེན་འབད་དགོཔ་ཡོད་རུང་ མ་དངུལ་དང་ མི་སྟོབས་ཀྱི་དཀའ་ངལ་ལུ་བརྟེན་ གདོང་ལེན་བྱུང་སྟེ་འདུག།
རྒྱུ་མཚན་འདི་ལུ་བརྟེན་ སྲིད་བྱུས་བརྩམ་མི་དང་ ལག་ལེན་འཐབ་མི་ཚུ་གིས་ མི་སྡེ་དང་ ཁྱིམ་གུང་གི་གནས་ཚད་ནང་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་དགོཔ་མ་ཚད་ ང་བཅས་རའི་ ཉེན་སྐྱོབ་ལམ་ལུགས་ཚུ་ སྒྲིང་སྒྲི་སྦེ་ བཟོ་དགོཔ་གལ་ཆེ་བས།
Check Also
ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།
༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …