༉ སྒོམ་ཀྲུ་དཔལ་ལྡན་རྩི་ས་དབང་འཛིན་གྱིས་ ཉིན་བསྟར་གླ་ཆའི་ཐོག་ ལཱ་འབད་མི་ ལས་བྱེདཔ་ཚུ་ལུ་ ཁེ་ཕན་ཚུ་ སྤྲོད་ནི་སྦེ་ ཁ་བཟེད་དེ་ཡོད་པའི་སྐོར་ ལས་ ལས་གཡོག་ལྷན་ཁག་གིས་ བཤདཔ་ཨིན་པས།
ལས་མི་མདོ་ཆེན་ བསོད་ནམས་དབང་འདུས་ཀྱིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ འཕྲལ་ཁམས་ཅིག་ཁར་ ལས་ཁུངས་ཀྱི་ སྡེ་ཚན་དང་ དཔལ་ལྡན་རྩི་ས་དབང་འཛིན་གྱི་ འཛིན་སྐྱོང་གི་བར་ན་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ གྲོས་ཐག་བཅད་ཅི་ཟེར་ཨིན་པས།
དེ་བསྒང་ རྩི་ས་བཟོ་སྐྲུན་ལས་སྡེ་ལུ་ འདི་བཟུམ་མའི་ ལཱ་འབད་མི་ཚུ་ གཏང་ནི་དང་ ཡང་ཅིན་ ཐོབ་ལམ་ཚུ་སྤྲོད་དེ་ བཞག་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
ཁོང་གིས་ ཐོབ་ལམ་ཚུ་ སྤྲོད་ནི་སྦེ་ ཁ་བཟེད་ཡོདཔ་ལས་ ཤུལ་མའི་ཟླཝ་ནང་ ངོས་ལེན་འབད་ནི་བཟུམ་ཅིག་ཡོད་ཟེར་ མདོ་ཆེན་གྱིས་ བཤདཔ་ཨིན་པས།
ཉིན་བསྟར་ལས་མིའི་ཐོག་ལུ་ ལཱ་འབད་མི་ཚུ་གིས་ དུས་ཅིའི་ལོ་སྔ་ཆ་ལུ་ ཕུན་ཚོགས་གླིང་ལུ་ཡོད་མི་ ལས་མི་ཡིག་ཚང་ནང་ ཁོང་ཆ་ཁྱབ་ དུས་རྒྱུན་གྱི་ ལས་གཡོགཔ་གྲངས་སུ་ བཙུགས་དགོ་པའི་སྐོར་ ཞུ་གཏུགས་འབད་བའི་ཤུལ་ལས་ ལས་བྱེདཔ་ཚུ་ལུ་ ཉིན་བསྟར་གླ་ཆ་སྤྲོད་དེ་ ལཱ་འབད་བཅུག་པའི་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
ལས་བྱེདཔ་ལ་ལོ་ཅིག་ ཚོང་སྡེ་ནང་ ལཱ་འབད་དེ་ ལོ་༡༠ ལྷག་སོང་རུང་ དུས་རྒྱུན་གྱི་ ལས་བྱེདཔ་གྲངས་སུ་ མ་བཙུགས་པར་ བཞག་མི་དེ་ ལས་མིའི་བཅའ་ཁྲིམས་ལས་ འགལ་ཡོདཔ་ད་ ལས་མིའི་བཅའ་ཁྲིམས་དང་འཁྲིལ་བ་ཅིན་ ལས་མི་ཅིག་གིས་ གླ་ཆ་ཅོག་འཐདཔ་སྦེ་ ལོ་༡ ལས་ལྷག་སྟེ་ ལཱ་འབད་བ་ཅིན་ ཁག་འབག་ཐོག་ལུ་ ལཱ་འབད་བའི་གྲངས་སུ་ བརྩི་འཇོག་འབད་དགོཔ་ཨིན་པས།
ད་རེས་ནངས་པར་ ཉིན་བསྟར་གླ་ཆའི་ཐོག་ ལཱ་འབད་མི་ ལས་བྱེདཔ་༡༣༥ དུས་རྒྱུན་གྱི་ ལས་བྱེདཔ་གྲངས་སུ་ བཙུགས་ནི་ལུ་ སྒུག་སྟེ་ཡོདཔ་ཨིན་པས།
མ་གཞི་ དངུལ་ཕོགས་ཡར་སེང་འབད་བའི་སྐབས་ ཉིན་བསྟར་གླ་ཆ་ཡར་སེང་འབད་རུང་ ལས་བྱེདཔ་དེ་ཚུ་གིས་ ཁོང་ཆ་ཁྱབ་ དུས་རྒྱུན་གྱི་ ལས་བྱེདཔ་གྲངས་སུ་ མ་བཙུགས་པའི་ཁར་ ཡར་སེང་དང་ ཁེ་ཕན་གཞན་ག་ནི་ཡང་ མ་ཐོབ་ཟེར་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
ད་རེས་ ཉིན་བསྟར་ཐོ་དེབ་ཐོག་ལུ་ ལཱ་འབད་མི་ཚུ་ རྒྱལ་ཡོངས་ལས་མི་གྲངས་སུ་བཞག་སྟེ་ ཉིནམ་རེ་ལུ་ གླ་ཆ་དངུལ་ཀྲམ་༢༡༥ རེ་ སྤྲོད་དོ་ཡོདཔ་ད་ ཡར་སེང་མ་འབད་བའི་ཧེ་མར་ རྒྱལ་ཡོངས་ལས་མི་རེ་ལུ་ གླ་ཆ་དངུལ་ཀྲམ་༡༧༥ རེ་ སྤྲོད་ཡོདཔ་ཨིན་རུང་ རེས་གཟའ་ཟླ་བ་དང་ གཞུང་གི་ངལ་གསོ་སྐབས་ ལཱ་འབདཝ་ད་ རྒྱལ་ཡོངས་ལས་མིའི་ གླ་ཆ་སྤྲོད་ནི་མེདཔ་ཨིན་པས།
དཔལ་ལྡན་རྩི་སའི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ལས་སྡེ་གོང་འཕེལ་དང་འབྲེལ་བའི་ བྱ་རིམ་དེ་ ཆ་འཇོག་གྲུབ་པའི་ཤུལ་ལུ་ ཉིན་བསྟར་གླ་ཆའི་ཐོག་ ལཱ་འབད་མི་ཚུ་གིས་ ཨི་ཨེཨི་པི་དང་ ཇི་ཨེསི་པི་དང་འཁྲིལ་ ཁེ་ཕན་ཚུ་ འཐོབ་ནི་གི་ འོས་འབབ་ཡོད་ཟེར་ཨིན་པའི་གནས་ཚུལ།