ཉིན་གྲངས་༣ གྱི་ནང་འཁོད་ལུ་ ཁྲོམ་༣ ནང་ ཨར་རྐུན་ཁག་༦ ཤོར་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ ཉིན་གྲངས་༣ གྱི་ནང་འཁོད་ལུ་ ཁྲོམ་སྡེ་ཁག་༣ ནང ཨར་རྐུན་འབད་མི་ དོགས་ཅན་ཚུ་ ཁྲིམས་སྲུང་འགག་པ་གིས་ འཚོལ་བའི་བསྒང་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༩ པའི་ཚེས་༡༢ ལུ་ དྲོ་པའི་ཆུ་ཚོད་༡༠ ལས་ ཉིན་མའི་ཆུ་ཚོད་༡ དེ་ཅིག་གི་བར་ན་ བསམ་རྩེ་ལུ་ སྐྱེས་ལོ་༣༢ ལང་མི་ ཞི་གཡོགཔ་ཅིག་གི་ ཁྱིམ་ནང་ལས་ བཀྲ་མ་ཤིསཔ་ཚུ་གིས་ སྒོའི་ལྡེ་མིག་བཅགས་དཀྲུམ་འབད་ཐོག་ལས་ རིན་གོང་༢༦༥,༠༠༠ གནས་པའི་ རྒྱན་ཆས་ཚུ་ ཨརཝ་རྐུ་སྟེ་ འབག་ཡོདཔ་ཨིན་པས།

རྒྱན་ཆས་རིགས་ཚུ་ཡང་ དངུལ་ཀྲམ་༡༠༧,༠༠༠ གནས་པའི་ གསེར་ཐག་༡ དང་ དངུལ་ཀྲམ་༡༥,༠༠༠ དང་ དངུལ་ཀྲམ་༡༩,༠༠༠ དེ་རེ་གནས་མི་ གསེར་གྱི་སྐེ་རྒྱན་༢ དངུལ་ཀྲམ་༩,༠༠༠ དང་༧,༠༠༠ དེ་ཅིག་གནས་མི་ གསེར་གྱི་སིན་ཅུ་ཆ་༢ དངུལ་ཀྲམ་༥༠,༠༠༠༠ དང་༣༥,༠༠༠ གནས་པའི་ རྡོ་རྗེ་ཕ་ལམ་གྱི་ མཛུབ་དཀྱི་ཆ་༡ དེ་ལས་ གནས་གོང་དངུལ་ཀྲམ་༡,༠༠༠ རེ་འབདམི་ དངུལ་གྱི་མཛུབ་དཀྱི་ཆ་༡ དང་ དངུལ་ཀྲམ་༡༩,༠༠༠ དང་༢༣,༠༠༠ དེ་ཅིག་གནས་པའི་ གསེར་གྱི་མཛུབ་དཀྱི་ཆ་༡ ཨར་རྐུན་ཤོར་ཡོདཔ་ཨིན་པས།

དེ་ལས་ སྤྱི་ཟླ་༡༢ པའི་ཚེས་༡༢ ཀྱི་ཉི་མའི་ཆུ་ཚོད་༡.༣༠ དེ་ཅིག་ཁར་ ཕུན་ཚོགས་གླིང་དབང་འདུས་དགའ་ཚལ་ འབྲུག་འཕྲུལ་ལྟོ་བཟོ་ཁང་གི་ འཕྲུལ་ལྟོའི་མཛོད་ཁང་ལས་ དངུལ་ཀྲམ་༡༨,༤༧༨ གནས་པའི་ འཕྲུལ་ལྟོ་ཨར་རྐུན་འབདཝ་ད་ དོགས་ཅན་སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་དེ་ འཛིན་བཟུང་འབད་ནུག།

ད་ལྟོ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ཡོད་མི་ དོགས་ཅན་དེ་གིས་ པར་ཆས་སི་སི་ཊི་བི་གི་ དྲན་ཐོ་དེ་ཡང་ མེདཔ་བཏང་ཡོདཔ་ད་ ཁོ་གིས་ འཕྲུལ་ལྟོ་དེ་ གླ་འཁོར་དེད་གཡོགཔ་ཅིག་ལུ་ དངུལ་ཀྲམ་༢,༠༠༠ སྦེ་ བཙོང་ཡོདཔ་སྦེ་ ཁ་བཟེད་ནུག།

ཁྲིམས་སྲུང་འགག་པ་གིས་ དེད་གཡོགཔ་དེ་ལས་ འཕྲུལ་ལྟོ་དེ་ འཕྱོག་བཟུང་འབད་ཡོདཔ་ཨིན་པས།

ཉིན་གྲངས་༤ གི་ནང་འཁོད་ནང་ ཁྲིམས་སྲུང་འགག་པ་ལུ་ དབང་འདུས་ཕོ་བྲང་གི་ ས་གནས་ཁག་༣ ལས་ ཨར་རྐུན་ཤོར་བའི་སྐོར་ སྙན་ཞུ་ལྷོད་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༩ པའི་ཚེས་༡༢ ལུ་ ཕྱི་རུའི་ཆུ་ཚོད་༢ དེ་ཅིག་ཁར་ བཀྲ་མ་ཤིསཔ་ཚུ་གིས་ དབང་འདུས་བ་འཇོ་ཁྲོམ་ཁར་ སྐྱེས་ལོ་༣༠ ལང་མི་ ཨམ་སྲུ་༡ གི་ཁྱིམ་སྒོ་ བཅགས་དཀྲུམ་འབད་དེ་ ཆས་སྒམ་སུཊ་ཀེསི་ནང་ལས་ དངུལ་ཀྲམ་༤༠,༠༠༠ གནས་པའི་ སེར་བཤུད་གོ་ཅིག་ བཏོན་འབག་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་པ་གིས་ ཨར་རྐུན་གྱི་ སྙན་ཞུ་ཚུ་ ལྷོད་ཞིནམ་ལས་ ས་གནས་ནང་སོང་སྟེ་ དབྱེ་ཞིབ་འབད་བའི་སྐབས་ སེར་བཤུད་གོ་མ་གཏོགས་ ཅ་ཆས་གཞན་ག་ནི་ཡང་ མ་འབག་པས་ཟེར་ བཤདཔ་ཨིན་པས།

དེ་ལས་ སྤྱི་ཟླ་༩ པའི་ཚེས་༡༡ གི་ནུབ་མོར་ བ་འཇོ་ཁྲོམ་ཁར་ ཁྱིམ་ཅིག་ནང་ལས་ དངུལ་ཀྲམ་༤༨,༢༠༠ གནས་པའི་ སོ་ནི་འགྲུལ་འཕྲིན་༡ དང་ སམ་སུང་ཇེ་ཊུ་འབད་མི་ མོ་བཱ་ཡེལ་༡ པེན་ཌ་ཡེབ་༢ དེ་ལས་ དངུལ་ཀྲམ་༢༠,༠༠༠ ཨར་རྐུན་འབད་ནུག།

དེ་ཚེ་ཕྱི་རུ་ བ་འཇོ་སློབ་གྲྭ་ཆེ་བའི་ དབུ་འཛིན་འོག་མའི་ ཡིག་ཚང་ནང་ལས་ དངུལ་ཀྲམ་༣༨,༠༠༠ འབད་མི་ ལེབ་ཊོབ་ཌེལ་༡ དང་ དངུལ་ཀྲམ་༦༠,༠༠༠ གནས་པའི་ ཨེ་པཱལ་ལེབ་ཊོབ་དང་ གློག་ནུས་གསོ་ཆས་༡ དངུལ་ཀྲམ་༡༥,༠༠༠ འབད་མི་ འགྲུལ་འཕྲིན་༡ དངུལ་ཀྲམ་༢༡,༦༠༠ བརྩིས་ཏེ་ དངུལ་ཀྲམ་༡༤༡,༠༠༠ དེ་ཅིག་གི་ ཅ་ཆས་ཚུ་ ཨར་རྐུན་འབད་ནུག་ཟེར་ཨིན་པས།

ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ ད་ལྟོ་ གནད་དོན་ཚུ་ ཞིབ་དཔྱད་རྐྱབ་དོ་ཡོདཔ་མ་ཚད་ དོགས་ཅན་ཚུ་ཡང་ འཚོལ་བའི་བསྒང་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *