ཉི་མ་དང་ཟླ་བ་ གཤག་བཅོས་འབད་བའི་ཤུལ་ལས་ སྨན་ཁང་ནང་ལས་བཏང་ཡོདཔ།

༉ ཨཱསི་ཊེ་ལི་ཡ་གི་ས་གནས་ མེལ་བཱོརན་ལུ་ཡོད་མི་ རྒྱལ་འཛིན་ཨ་ལོའི་སྨན་ཁང་ནང་ འབྲུག་པའི་ཨ་ལོ་ མཚེ་མ་མཉམ་འབྱར་མ་འབད་མི་དེ་ སྤྱི་ཟླ་༡༡ པའི་ཚེས་༩ ལུ་ གཤག་བཅོས་འབད་དེ་ གཟུགས་སོ་སོར་འཕྱལ་བཏང་བའི་ཤུལ་ལུ་ ཁ་ཙ་ སྨན་ཁང་ནང་ལས་ ལོག་བཏང་ཡོདཔ་ཨིན་པས།
གཤག་བཅོས་དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༩ ལུ་ འབད་ཡོདཔ་ད་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལས་ མེལ་བཱོརན་ལུ་ གཤག་བཅོས་ལྟ་རྟོག་འབད་བར་འགྱོ་མི་ ཨ་ལོའི་གཤག་བཅོསཔ་ ཀརྨ་ཤེས་རབ་ཀྱིས་ སླབ་མིའི་ནང་ ཨ་ལོ་༢ ཆ་ར་ གནས་སྟངས་ལེགས་ཤོམ་ཡོད་པའི་ཁར་ གཟུགས་ཀྱི་རྨ་ཁ་ཡང་ དྲག་དོ་ཡོདཔ་མ་ཚད་ ཉིནམ་༢ ཀྱི་རྒྱབ་ལས་ བཞེས་སྒོ་བཟའ་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
གཤག་བཅོས་ཀྱི་ཟད་འགྲོ་དང་ ཨ་ལོ་དང་ཨའི་གི་ གནམ་གྲུའི་ཤོག་འཛིན་ དེ་ལས་ ཁོང་དང་གཅིག་ཁར་འགྱོ་མི་ སྨན་གཡོགམོ་གི་ ཟད་འགྲོ་ཚུ་ག་ར་ ཨ་ལོའི་གཞི་ཚོགས་ཀྱིས་ བཏང་ཡོདཔ་ཨིན་པས།
ཌོག་ཊར་གྱིས་ སླབ་མིའི་ནང་ རྒྱལ་འཛིན་ཨ་ལོའི་སྨན་ཁང་ནང་ལས་ བཏང་པའི་ཤུལ་ལུ་ ཨ་ལོ་༢ དང་ཨའི་དེ་ འཕྲོ་མཐུད་སྨན་བཅོས་འབད་ནིའི་དོན་ལུ་ ཀིལ་མོར་ལུ་ཡོད་པའི་ མེ་རི་ཀཱལ་ཨིས་མཱལ་སྐྱིད་གནས་ཁང་ནང་ སྨན་བཅོས་དང་ ཟས་བཅུད་དང་འབྲེལ་བའི་རྒྱབ་སྐྱོར་ འཕྲོ་མཐུད་བྱིན་ནིའི་དོན་ལུ་ བཞག་ནི་ཨིན་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཨ་ལོ་༢ ཀྱི་ གཟུགས་སྨད་དང་ རྐང་པའི་ཤ་རྒྱུས་ཚུ་ ལེགས་ཤོམ་སྦེ་ ལག་ལེན་མ་འཐབ་ནི་དེ་གིས་ སྟོབས་ཤུགས་བཏགས་བཅུག་ཐབས་ལུ་ ཟླཝ་༡ དེ་ཅིག་ སྨན་ཁང་དེ་ནང་ ལུས་སྦྱོང་དང་ སྨན་བཅོས་འབད་དགོ་པས་ཟེར་ཨིན་པས།
ཌོག་ཊར་ཚུ་གིས་འབད་རུང་ ཨ་ལོ་༢ ཀྱི་ ཤ་རྒྱུས་ཀྱི་སྟོབས་ཤུགས་བཏགས་བཅུག་སྟེ་ རང་དབང་ཐོག་ལས་ ལམ་འགྱོ་ཚུགསཔ་འབད་ནིའི་ཨིནམ་ལས་ སྨན་ཁང་དེ་གི་ ཌོག་ཊར་ཚུ་གིས་ ཟླཝ་༡ གི་ཤུལ་ལས་ གནས་སྟངས་སྐོར་ལས་ སྙན་ཞུ་འབད་འོང་ཟེར་ཨིན་པས།
ཕྱི་ཁའི་གསར་ཤོག་ཚུ་ནང་ གནས་ཚུལ་བཀོད་མི་དང་འཁྲིལཝ་ད་ ཉི་མ་དང་ཟླ་བ་གཉིས་ གཤག་བཅོས་འབད་བའི་ཤུལ་ལས་ གཅིག་ཁར་སྡོད་དགོ་མནོ་སྟེ་ གཅིག་གིས་གཅིག་ལུ་ རྐངམ་བཀལ་ཏེ་སྡོད་ནི་འདུག་ཟེར་ཨིན་པས།
ཟླཝ་༡༥ ལང་མི་ མཚེ་མ་མཉམ་འབྱར་མ་དང་ ཨའི་བུམོ་ཆུང་བཟང་མོ་དེ་ གཤག་བཅོས་འབད་ནིའི་དོན་ལུ་ འདས་པའི་ཟླཝ་ནང་ ཨཱསི་ཊེ་ལི་ཡ་ལུ་ སོང་ཡོད་པའི་གནས་ཚུལ།

སྐད་སྒྱུར་ པདྨ་རིན་འཛིན།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *