ཉི་དྲོད་གློག་མེ་བཀག་ཆ་འབད་མི་ཚུ་ལུ་ འགན་འཁྲི་བཀལ་དགོཔ།

༉ སྤྱི་ཟླ་༡༠ པའི་ཚེས་༡༢ རེས་གཟའ་ལྷག་པའི་ ཀུན་གསལ་ཐོན་རིམ་གྱི་ རྩོམ་སྒྲིག་པའི་ སྣང་འཆར་ནང་ གོང་འཕེལ་གྱི་ ལས་སྣ་ཚུ་ལུ་ ངོས་ལེན་འབད་དགོ་པའི་སྐོར་ གསལ་བཀོད་འབད་མི་དེ་གིས་ བུམ་ཐང་ཤིང་མཁར་གྱི་ མི་སྡེ་ལུ་ཕན་པའི་ གོང་འཕེལ་ལས་སྣ་ འགོ་བཙུགས་མ་བཅུག་པར་ བཀག་ཆ་འབད་མི་དེ་ བུམ་ཐང་རྫོང་ཁག་གི་ཕྱི་ཁར་ ཕྱག་ལཱ་གནང་མི་དང་ ཚོང་འབྲེལ་འཐབ་མི་ཚུ་ལུ་ མཛུབ་མོ་དཔག་དོ་བཟུམ་ཅིག་སྦེ་ ཚོར་སྣང་བྱུངམ་མས་ཟེར་ཞུ་ནི།

རྩོམ་སྒྲིག་པའི་ སྣང་འཆར་ནང་ བཀོད་དོ་བཟུམ་སྦེ་ ཤེས་ཡོན་ཅན་གྱི་ མི་ཚུ་གིས་ར་ གོང་འཕེལ་ལས་སྣ་ཚུ་ལུ་ རྒྱབ་སྐྱོར་མ་འབད་བ་ཅིན་ ང་བཅས་རའི་ མཐའ་ཟུར་གྱི་ མི་སེར་ཚུ་ གོང་འཕེལ་ག་དེ་སྦེ་ འགྱོ་ནི་སྨོ་ཟེར་ཞུ་ནི།

གཞུང་གི་ཁ་ཐུག་ལས་ ཤིང་མཁར་ལུ་ ཉི་དྲོད་གློག་ཤུགས་མེ་ག་ཝཱཊ་༣༠ འབད་མི་ གློག་མེ་འཕྲལ་ཁང་གཞི་བཙུགས་འབད་བ་ཅིན་ འཕྲལ་ཕུགས་གཉིས་ཀྱི་ ཁེ་ཕན་ག་ཅི་ར་འོང་ནི་ཨིན་ན་ བལྟ་ཞིནམ་ལས་ ཐག་བཅད་ཡོདཔ་ འོང་ནི་ཨིན་རུང་ ཤིང་མཁར་ལུ་ ལོ་༡ ནང་ ལོ་ཆོག་གཏང་ནི་དང་ སྐྱེས་ལྷ་ཡུལ་ལྷ་གསོལ་བར་ དུས་ཡུན་ཐུང་ཀུ་ཅིག་དོན་ལས་ ངལ་གསོ་ནང་ འགྱོ་ནི་ཡོད་མི་ དྲགོས་དང་ཞི་གཡོགཔ་ སྒེར་སྡེའི་ལས་གཡོགཔ་ཚུ་གིས་ བར་འཛུལ་ཐོག་ བཀག་ཆ་འབད་མི་ལུ་བལྟ་སྟེ་ སེམས་ཕམ་བྱུངམ་མས་ཟེར་ཞུ་ནི།

ཁོང་གིས་ བཀག་ཆ་འབད་དགོ་པའི་ གནད་དོན་དེ་ གལ་སྲིད་ ཤིང་མཁར་ལུ་ ཉི་དྲོད་གློག་མེ་གཞི་བཙུགས་འབད་བ་ཅིན་ དེ་གིཤ་ དུས་དང་ཕུ་ལས་ར་ སྒོ་ནོར་སེམས་ཅན་ཚུ་ འཁྱམས་སའི་ རྩྭ་འབྲོག་མེདཔ་ བཟོ་ནི་དང་ ལུང་གཤོང་གི་ མཐོང་སྣང་ཡང་ མེདཔ་གཏང་འོང་ཟེར་ སླབ་མི་ཚུ་ ངོ་ཚ་དགོཔ་འདུག་ཟེར་ཞུ་ནི།

ད་རེས་ རྒྱལ་ཁབ་ཀྱི་ རྫོང་ཁག་༢༠ དང་ ལུང་ཕྱོགས་ཁག་ཚུ་ནང་ གོང་འཕེལ་འདྲ་མཉམ་ བཏང་མ་ཚུགས་མི་དེ་ གོང་ཕེལ་གྱི་ལས་སྣ་ ས་གནས་ཐདམ་ཐད་ཁ་ལས་ཕར་ ལག་ལེན་འཐབ་མ་ཚུགས་ནི་དེ་གིས་ཨིནམ་ ག་གི་ཡང་མ་ཤེསཔ་མི་འོང་ཟེར་ཞུ་ནི།

ཀུན་གསལ་ནང་ བཀོད་དོ་བཟུམ་ ཤིང་མཁར་ལུང་གཤོང་ནང་ ས་ཆ་སྟོངམ་ཨེ་ཀར་༨༠༠ ཡོད་མི་ལས་ ཨེ་ཀར་༡༡༤ ནང་ ཉི་དྲོད་འཛིན་ཆས་༨༠,༠༠༠ བཙུགས་སྒྲིག་འབད་མི་ལས་ ལོ་བསྟར་བཞིན་དུ་ གློག་མེ་ཡུ་ནིཊ་ས་ཡ་༤༦.༡༩ ཐོན་སྐྱེད་འབད་དེ་ རྒྱལ་ཁམས་ལུ་ ལོ་བསྟར་འོང་འབབ་ དངུལ་ཀྲམ་ས་ཡ་༢༣༣.༧༢༥ རེ་བཟོ་ཐོག་ མི་སྡེ་དཔལ་འབྱོར་གོང་འཕེལ་ལུ་ ལྷན་ཐབས་འབད་ཚུགས་ནི་མས་ཟེར་ཞུ་ནི།

གཞུང་གིས་ འདི་བཟུམ་མའི་ ལས་འགུལ་སྦོམ་ཤོས་གཞི་བཙུགས་བད་ནིའི་ འཆར་གཞི་དེ་ ན་འཐན་བསྟར་སྤྱོད་འབད་རནམ་ད་ རྫོང་ཁག་གཞན་ཚུ་ནང་བཞུགས་མི་ཚུ་གིས་ རྒྱུད་བསྐུལ་འབད་དེ་ ལས་འགུལ་བཀག་ཆ་འབད་མི་དེ་ལུ་ བརྟག་ཞིབ་འབད་དེ་ གོང་འཕེལ་ལས་སྣ་ལུ་ བར་ཆད་རྐྱབ་པའི་ འགན་འཁྲི་བཀལ་དགོཔ་འདུག་ཟེར་ཞུ་ནི།

ཨིན་རུང་ ང་བཅས་རའི་ དཔྱེ་གཏམ་ནང་ ལམ་མ་བརྒལ་ལ་རྩེ་མགུ། ཆུ་མ་བརྒལ་ཟམ་པའི་སྦུག།ཟེར་ སླབ་དོ་བཟུམ་ ད་ལྟོ་ ལས་འགུལ་འགོ་བཙུགས་ནི་དེ་ ཕྱིར་འགྱངས་འབདཝ་མ་གཏོགས་ ཆ་མེད་བཏང་བཏངམ་མེདཔ་ལས་ ཉི་དྲོད་གློག་མེ་གིས་ བུམ་ཐང་གིས་མ་དོ་བར་ རྒྱལ་ཁབ་ལུ་ ཕན་ཐོགས་ཡོད་པ་ཅིན་ གཞུང་གིས་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་བྱང་ནི་ལུ་ ཐུགས་བཞེད་མ་གནང་པར་ ལཱ་འཕྲོ་མཐུད་འབད་དགོ་པའི་ བཀའ་རྒྱ་གནངམ་དང་གཅིག་ཁར་ གོང་ལུ་ ཞུ་དོ་བཟུམ་ གོང་འཕེལ་ལས་སྣ་ཚུ་ལུ་ བར་ཆད་རྐྱབ་མི་ ཡོན་ཏན་ཅན་གྱི་ མི་ག་ཨིན་རུང་ འགན་འཁྲི་བཀལ་དགོ་ཟེར་ ཞུ་ནི་ཨིན།

པདྨ་དབང་འདུས།

ཐིམ་ཕུག།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *