༉ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ གླང་ཅན་ཕུག་རྒེད་འོག་ བྱམས་པ་ནི་ལུ་ སྤྱི་ལོ་༢༠༡༥ ལས་ ཉི་དྲོད་ཀྱི་ གློག་ཐག་ར་བ་བསྒོར་ནིའི་ལཱ་ཚུ་ འགོ་བཙུགས་ཡོད་རུང་ ད་ལྟོའི་བར་ན་ཡང་ མཇུག་བསྡུ་མ་ཚུགས་མི་ལུ་བརྟེན་ ས་གནས་ཀྱི་ མི་སེར་ཚུ་ སེམས་མ་དགའ་བར་ ཡོདཔ་ཨིན་པས།
གློག་ཐག་ར་བ་བསྡོམས་ ཀི་ལོ་མི་ཊར་༥ དེ་ཅིག་ བསྒོར་ཚར་ཡོད་རུང་ ཀི་ལོ་མི་ཊར་༡ དེ་ཅིག་གུ་ལྷོདཔ་ད་ ཐགཔ་རྫོགས་སོ་མི་ལུ་བརྟེན་ བསྒོར་མ་ཚུགས་པར་ ལུས་ཡོདཔ་བཞིན་དུ་ གློག་ཐག་ར་བ་ ཀི་ལོ་མི་ཊར་༤ དེ་ཅིག་ བསྒོར་ཡོད་མི་དེ་ ད་རེས་ ཚལ་མ་ལུ་ གྱུར་སོ་ནུག།
བྱམས་པ་ནིའི་ མི་སེར་ཚུ་གི་དོན་ལུ་ སོ་ནམ་ལྷན་ཁག་གིས་ གློག་ཐག་ར་བའི་ ཅ་ཆས་ཚུ་ བགོ་བཀྲམ་འབད་ཡོད་རུང་ ར་བ་བསྒོར་ནིའི་ལཱ་དེ་ མི་ཚུ་གིས་ ཁྱིམ་གུང་རེ་ལས་ དངུལ་ཀྲམ་༡༢,༠༠༠ རེ་ བསྡུ་ལེན་འབད་བའི་ཤུལ་ལས་ ཁག་འབགཔ་ལུ་ སྤྲོད་ཡོདཔ་བཞིན་དུ་ བྱམས་པ་ནི་སྤྱི་འོག་ནང་ གུང་པ་༣༠ ལྷགཔ་ཅིག་ ཡོདཔ་ཨིན་པས།
སོ་ནམ་པ་ ཉི་མ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༡༥ ལུ་ སོ་ལར་གྱི་ ར་བ་བསྒོར་ནིའི་ལཱ་ འགོ་བཙུགས་པའི་སྐབས་ མ་འོངས་པར་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་མ་ཚུགས་པའི་ ཕན་ཐོགས་འབྱུང་ནི་མས་ཟེར་ མནོ་ཞིནམ་ལས་ དངུལ་ཀྲམ་༡༢,༠༠༠ རེ་ བསྡུ་ལེན་འབད་དེ་ སྤྲོད་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཏི་རུ་སྤྲོད་ཚར་བའི་ཤུལ་ལས་ ར་བ་བསྒོར་ནིའི་ལཱ་ཚུ་ ད་ལྟོ་ཡང་ མཇུག་བསྡུ་མ་ཚུགས་པའི་ཁར་ བསྒོར་ཚར་མི་ཚུ་ ཚལ་མ་ལུ་ གྱུར་ཡོདཔ་ལས་ ད་རེས་ནངས་པར་ཡང་ ཧེ་མ་བཟུམ་སྦེ་ར་ ལོ་ཐོག་ཚུ་ རི་དྭགས་སེམས་ཚུ་ལས་ བསྲུང་དགོ་པས་ཟེར་ཨིན་པས།
དེ་བཟུམ་སྦེ་ ཟླ་བ་དང་ སོ་ནམ་པ་གཞན་ཚུ་གིས་ སླབ་མིའི་ནང་ མ་དངུལ་འབོར་ཆེ་ཏོག་ཏོ་སྦེ་ སྤྲོད་པའི་ཤུལ་ལས་ ར་བ་བསྒོར་ནིའི་ལཱ་ཚུ་ མཇུག་བསྡུ་མ་ཚུགས་མི་ལུ་ སོ་ནམ་པ་ཚུ་ སེམས་མ་ དགའ་བར་ ཡོད་མི་དེ་ཡང་ རི་དྭགས་སེམས་ཅན་དང་ གླངམོ་ཆེ་གིས་ ལོ་ཐོག་དང་ ཁྱིམ་ཚུ་ལུ་ གནོདཔ་བཀལ་དོ་ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཁག་འབགཔ་བསྟན་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ ར་བའི་དོན་ལུ་ ཀ་བ་ཚུ་ ལྷོང་ཚར་བའི་ཤུལ་ལས་ ཐགཔ་རྫོགས་སོ་མི་ལུ་བརྟེན་ ལུས་སོ་ཡི་ཟེར་ཨིནམ་ད་ ད་ལྟོ་ གློག་ཐག་ལུ་སྒུག་དོ་ཡོད་རུང་ ནམ་ལྷོད་འོང་ག་ སླབ་མི་ཤེས་པས་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ ནགས་ཚལ་གཙོ་འཛིན་འགོ་དཔོན་གྱིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་ལུ་ སྙན་ཞུ་ག་ནི་ཡང་ མ་ལྷོད་མི་ལུ་བརྟེན་ ཇོ་མོ་གཙང་ཁའི་ ནགས་ཚལ་ལས་ཁུངས་ཡིག་ཚང་གིས་ ཤེས་རྟོགས་མ་འབྱུང་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ བདུན་ཕྲག་༢ དེ་ཅིག་གི་ཧེ་མར་ གོ་ཡི་ཟེར་ཨིནམ་ད་ སོ་ལར་དང་གཅིག་ཁར་ འབྲེལ་བ་འབད་མི་ འབྲེལ་ཡོད་ཡིག་ཚང་དེ་ མཐའ་འཁོར་ཉམས་སྲུང་ལས་ཁུངས་འབད་མི་ལུ་བརྟེན་ ཁོང་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ད་ལྟོ་ གློག་ཐག་མེདཔ་སྦེ་ སླབ་དེས་ཟེར་ཨིནམ་ལས་ ཐགཔ་དེ་ ལྷོད་པའི་ཤུལ་ལས་ མི་སེར་ཚུ་ལུ་ སྤྲོད་འོང་ཟེར་ཨིན་པས།
གླང་ཅན་ཕུག་རྒཔོ་གིས་ སླབ་མིའི་ནང་ རྒེད་འོག་བདག་སྐྱོང་གིས་ ར་བ་བསྒོར་ནིའི་ལཱ་དེ་ འཕྲོ་མཐུད་འབད་ནིའི་དོན་ལུ་ ཐགཔ་ཁ་སྐོང་ཉོ་ཐབས་ལུ་ རྒེད་འོག་གནང་བྱིན་མ་དངུལ་ ལག་ལེན་འཐབ་ནི་དེ་ འོས་འབབ་ག་དེ་སྦེ་ཡོད་ག་ཚུ་ བལྟ་དོ་ཟེར་ ཨིན་པའི་གནས་ཚུལ།
ཇོ་མོ་གཙང་ཁ་ལས་ སྐལ་བཟང་དབང་ཕྱུག།